སུའུ་ཏན་དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་བས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་དུ་འཁྲུག་རྩོད་བྱུང་སྟེ། བྱིས་པ་གསུམ་དང་བཅས་པའི་མི11རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི17ལ་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཧྥ་ཞེ་ཨར་དུ་མི་གྲངས་ས་ཡ་གཅིག་ལྷག་ཡོད་པ་དང་། འཁྲུག་རྩོད་མུ་མཐུད་དུ་བྱུང་ན་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་སྲིད་པ་ལྡོག་མེད་ཡིན་པས། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་གནོན་ཤུགས་བྱིན་ནས་གནས་བབ་དེའི་འཕེལ་རྒྱས་ལ་བཀག་འགོག་བྱེད་དགོས་པར་མ་ཟད། ཧྥ་ཞེ་ཨར་གྱི་སྡོད་དམངས་དང་ཡུལ་དེར་ཉེན་གཡོལ་བྱེད་པའི་ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། ཀུའུ་ཐི་ལོས་སི་ཡིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཧྥ་ཞེ་ཨར་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱས་པར་ཧ་ལས་པའི་ཚུལ་བསྟན་པ་དང་། འཁྲུག་རྩོད་མཚམས་འཇོག་པ་ནི་ཧྥ་ཞེ་ཨར་དང་ཡང་ན་སུའུ་ཏན་གྱི་འཁྲུག་རྩོད་ས་ཁུལ་གཞན་པ་གང་ཡིན་རུང་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་པ་ནན་བཤད་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།