དབྱི་ལིང་གིས་རང་གིས་ཐོན་སྐྱེད་བྱས་པའི་འཕུར་མདའ་དང་མི་མེད་གནམ་གྲུ་གསར་བ་འགྲེམ་སྟོན་བྱས།
2024.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ད་ལོ་ནི་དབྱི་ལིང་དང་དབྱི་རག་བར་འཐབ་འཁྲུག་བྱུང་ནས་ལོ་ངོ44འགོར་བའི་ལོ་ཡིན་པ་དང་། དབྱི་ལིང་གིས་ཚེས21ཉིན་རྒྱལ་ས་ཏི་ཧེ་ལན་ནས་དམག་གཟིགས་མཛད་སྒོ་སྤེལ་ཏེ། རང་གིས་ཐོན་སྐྱེད་བྱས་པའི་འཕུར་མདའ་དང་མི་མེད་གནམ་གྲུ་གསར་བ་འགྲེམ་སྟོན་བྱས།

དབྱི་ལིང་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གིས་དམག་གཟིགས་མཛད་སྒོའི་སྟེང་རང་གིས་ཐོན་སྐྱེད་བྱས་པའི་གནད་ལ་འཁེལ་ཚད་མཐོ་བའི་རྒྱང་འཕེན་འཕུར་མདའ་ཅཱ་ཧཱ་ཏི་དང་མིག་མཐོང་མཁན-136B རྟགས་ཅན་གྱི་མི་མེད་གནམ་གྲུ་ཐོག་མར་འགྲེམ་སྟོན་བྱས། ཅཱ་ཧཱ་ཏི་ཞེས་པར་སྲ་གཟུགས་འབར་རྫས་བཀོལ་བ་དང་། གནད་ལ་འཁེལ་བའི་སྒོ་ནས་སྤྱི་ལེ་སྟོང་གཅིག་གི་ཁྱབ་ཁོངས་ཀྱི་དམིགས་འབེན་ལ་ཆམ་ཕབ་གཏོང་ཐུབ་པ་དང་། མིག་མཐོང་མཁན-136B རྟགས་ཅན་གྱི་མི་མེད་གནམ་གྲུ་ནི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཞིབ་འཇུག་གསར་བཟོ་བྱས་པ་དང་། སྤྱི་ལེ་ཉིས་སྟོང་ལྔ་བརྒྱའི་ཁྱབ་ཁོངས་ཀྱི་དམིགས་འབེན་གཏོར་ཐུབ་པ་ཡིན།

དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་དམག་གཟུགས་དང་ལེན་བྱས་པར་མ་ཟད་གཏམ་བཤད་སྤེལ་ཏེ། དབྱི་ལིང་གིས་འཐབ་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དང་དམག་དཔུང་། མི་དམངས་བཅས་ལ་གུས་འདུད་དང་བཀའ་དྲིན་ཞུས་པར་མ་ཟད། དམག་དཔུང་དང་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ན། ད་གཟོད་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྒྱལ་ཁབ་དག་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཐུབ་ཟེར། ད་ལྟ་དབྱི་ལིང་གིས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་ཆོག་པ་ནི། དབྱི་ལིང་གིས་རང་ཉིད་ཀྱི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། ས་ཁུལ་རང་གི་ཞི་བདེ་དང་བདེ་འཇགས་ལའང་སྲུང་སྐྱོབ་བྱེད་ཐུབ་པ་དེ་ཡིན་ཟེར།

དམག་གཟིགས་མཛད་སྒོའི་སྟེང་དབྱི་ལིང་གི་རྒྱལ་སྲུང་དང་ཚན་རྩལ་སློབ་ཆེན་གྱི་སློབ་མའི་རུ་དཔུང་མང་བོས་དམག་གཟིགས་དང་ལེན་བྱས། དེའི་རྗེས་སུ་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཚད་ལྡན་དམག་དཔུང་དང་དབྱི་ལིང་གི་སྐམ་དམག ཉེན་རྟོག་པ་བཅས་ཀྱིས་སོ་སོར་ཁོ་ཚོ་རང་ཉིད་ཀྱི་འཕུར་མདའ་དང་མི་མེད་གནམ་གྲུ། ལེ་ཏཱ་སོགས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།