ཅེ་ཁིའི་ངོ་རྒོལ་ཏང་ལ་ས་གནས་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2024.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཅེ་ཁིའི་བསྡོམས་རྩིས་ཅུའུ་ཡིས་ཚེས21ཉིན་སྤེལ་བའི་ཐོག་མའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། ཅེ་ཁིའི་ངོ་རྒོལ་ཏང་སྤྱི་དམངས་ལ་མགོ་སྐོར་མི་གཏོང་བའི་འགུལ་སྐྱོད་ཏང་ལ་ཚེས20ཉིན་ནས་ཚེས21ཉིན་བར་སྤེལ་བའི་ས་གནས་ཀྱི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་དང་། རྒྱལ་ཡོངས་ཀྱི་མངའ་སྡེ13ལས་མངའ་སྡེ10ཐོབ་ཡོད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། སྲིད་འཛིན་མནའ་འབྲེལ་གྱི་མཉམ་དུ་ཡོད་ཅེས་པ་དང་སྲིད་འཛིན་ཏང་སྤྱི་དམངས་དམངས་གཙོ་ཏང་གཉིས་ལ་སོ་སོར་མངའ་སྡེ་རེ་ཐོབ་ཡོད་པ་དང་། གཞན་ཡང་ས་གནས་ཀྱི་སྲིད་ཏང་གཅིག་ལ་མངའ་སྡེ་གཅིག་ཐོབ་ཡོད།

དུས་མཉམ་དུ་སྤེལ་བའི་ཅེ་ཁིའི་གྲོས་ཞུགས་ཁང་གི་སྐབས་བརྗེའི་འདེམ་བསྐོའི་ཁྲོད། སྤྱི་དམངས་ལ་མགོ་བསྐོར་མི་གཏོང་བའི་འགུལ་སྐྱོད་ཏང་ལའང་རྒྱ་ཁ་ཐོབ་ཡོད། སྐོར་ཐེངས་དང་པོའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད། བསྡོམས་པས་འདེམ་སྒུག་མི་སྣ་ལྔ་ཐད་ཀར་བདམས་ཐོན་བྱུང་བ་དང་། དེའི་ནང་སྤྱི་དམངས་ལ་མགོ་བསྐོར་མི་གཏོང་བའི་འགུལ་སྐྱོད་ཏང་གི་འདེམ་སྒུག་མི་སྣ་གཉིས་ཡོད་པ་རེད། དེའི་ཞོར་དུ་ཏང་ཁག་དེའི་འདེམ་སྒུག་མི་སྣ19སྐོར་ཐེངས་གཉིས་པའི་གྲོས་ཞུགས་ཁང་གི་འདེམ་བསྐོར་ཞུགས་ཡོད་པ་དང་། སྲིད་ཏང་སོ་སོའི་ཁྲོད་མི་གྲངས་ཆེ་མང་བོའི་ཏང་ཁག་རེད།

ཅེ་ཁིའི་གྲོས་ཞུགས་ཁང་ལ་བསྡོམས་པས་ལས་གནས81ཡོད་པ་དང་། ལོ་གཉིས་ཀྱི་ནང་འདེམ་བསྐོ་ཐེངས་རེ་བྱེད་པ་ཡིན་ལ། དེའི་ནང་གི་སུམ་ཆའི་གཅིག་གི་གྲོས་ཞུགས་ཁང་གི་གྲོས་མི་འདེམ་བསྐོ་བྱེད་པ་རེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལྟར་ན། གལ་ཏེ་སྐོར་ཐེངས་དང་པོའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་གྲོས་མི་ཉེར་བདུན་པོ་ཚང་མ་འདེམ་མ་ཐུབ་ན། གཟའ་འཁོར་གཅིག་གི་རྗེས་སུ་ཡང་བསྐྱར་སྐོར་ཐེངས་གཉིས་པའི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།