ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་མིས་ཉིན་དེར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱའི་དོན་གཅོད་ཁང་དུ་འཇབ་རྒོལ་བྱས་པ་དང་། ཉིན་ཞེ་ལྔའི་རིང་སྒོ་བརྒྱག་དགོས་པའི་རེ་བ་བཏོན།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་མི་ཚེས22ཉིན་གྱི་ཞོགས་པར་བཙན་ཤེད་ཀྱིས་ཕྱེད་གླིང་བརྙན་འཕྲིན་ཁང་གི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དོན་གཅོད་ཁང་དུ་སོང་ནས། དེ་སྒོ་བརྒྱག་པའི་བཀའ་རྒྱ་བཏོན་པར་མ་ཟད། ལས་བྱེད་མི་སྣ་དག་མྱུར་མོར་ཁ་འབྲལ་དགོས་པའི་རེ་བ་བཏོན།
ཕྱེད་གླིང་བརྙན་འཕྲིན་ཁང་གི་ཐད་གཏོང་བརྙན་རིས་ལས་སྐབས་དེའི་རྙོག་འཛིང་གི་རྣམ་པ་ཟིན་ཐོར་བཀོད་ཡོད།
ཕཱ་ལེ་སི་ཐན་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་ས་དེའི་གསར་འགྱུར་བྱ་བ་དང་སྨྱན་བྱད་ལས་ཁུངས་ལ་དམིགས་པའི་རྩུབ་སྤྱོད་ནག་ཉེས་བྱ་སྤྱོད་ཅིག་ཡིན་པར་རྒོལ་གཏམ་བཏང་།
ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་ཡོད་པའི་ཕྱེད་གླིང་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་པུའུ་ཡིས་ཚེས22ཉིན་བསྒྲགས་པ་ལྟར་ན། དྲག་ཆས་སྤྲས་ཤིང་གདོང་ཁེབ་ཅན་གྱི་དབྱི་སི་རལ་གྱི་དམག་མི་ཉིན་དེའི་ཞོགས་པར་བཙན་ཤེད་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དོན་གཅོད་ཁང་དུ་ཡོང་ནས། ཉིན་ཞེ་ལྔའི་རིང་སྒོ་བརྒྱག་དགོས་པའི་རེ་བ་བཏོན་པ་དང་། རྒྱུ་མཚན་ནི་ཕྱེད་གླིང་བརྙན་འཕྲིན་ཁང་གིས་འཇིགས་སྐུལ་རིང་ལུགས་ལ་ངན་སྐུལ་དང་རྒྱབ་སྐྱོར་བྱས་པས་ཡིན་ཟེར།
ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྟན་དོན། དོན་གཅོད་ཁང་དེ་རྒྱལ་སྤྱིའི་གྲོས་མཐུན་ལས་གཏན་འཁེལ་བྱས་པའི་ཕཱ་ལེ་སི་ཐན་གྱི་ཚོད་འཛིན་ས་ཁོངས་སུ་གནས་ཡོད་ཀྱང་། དབྱི་སི་རལ་གྱིས་སྔར་བཞིན་བདེ་འཇགས་ལ་ཁ་གཡར་ནས་ཐེངས་མང་བོར་ས་ཁོངས་དེར་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད།
དབྱི་སི་རལ་གྱིས་དེའི་སྔོན་ཕྱེད་གླིང་བརྙན་འཕྲིན་ཁང་གིས་དབྱི་སི་རལ་མངའ་ཁོངས་ཀྱི་ལས་གཉེར་གཏན་འགོག་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།