ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་འདྲིས་མཐུན་སྦྱོར་པ་ཁི་པུས་ཀྱིས་ཚེས22ཉིན་བསྟན་དོན། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་དམག་དོན་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བ་དེ་དབྱི་སི་རལ་ཕྱོགས་ཀྱི་ཁེ་ཕན་དང་མི་འཚམ་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་དེ་ཞི་འཇགས་སུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ཁི་པུས་ཀྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིའི་གསར་འགྱུར་ལེ་ཚན་ཞིག་གི་ནང་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་དམིགས་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་གང་ཡིན་ཡང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཕྱི་ཕྱོགས་ལ་གསལ་བཤད་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་བལྟས་ནས་མིག་སྔའི་དམག་དོན་འགུལ་སྐྱོད་ཛ་དྲག་ཏུ་གྱུར་བ་དེ་དབྱི་སི་རལ་གྱི་ཁེ་ཕན་དང་མི་འཚམ་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐད་ཀར་དུ་དབྱི་སི་རལ་ལ་ལྟ་ཚུལ་དེ་བཤད་ཡོད་ཟེར།
ཁི་པུས་ཀྱིས་བསྟན་དོན། དབྱི་སི་རལ་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་ཕྱིར་རང་ཁྱིམ་དུ་པ་མངོན་འགྱུར་བྱས་ནས་ས་ཁུལ་དེ་དབྱི་སི་རལ་གྱི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནད་དོན་ཐད་ནས་ཨ་མེ་རི་ཁས་འཐབ་འཁྲུག་དང་འཁྲུག་རྩོད་ཛ་དྲག་ཏུ་གཏོང་བ་ལས་ལྷག་པའི་བྱེད་ཐབས་གཞན་པ་ཡོད་པར་ཡིད་ཆེས་བྱས་ཡོད་ལ། ཡུལ་དུས་གང་ནས་བལྟས་ཀྱང་ཕྱི་འབྲེལ་ལ་བརྟེན་པའི་ཐག་གཅོད་ཇུས་གཞི་བརྩོན་ལེན་བྱས་ཆོག་ཟེར། ཨ་མེ་རི་ཁས་ཉེ་སྔོན་ལེ་པཱ་ནུན་གྱི་འཕྲིན་གཏོང་སྒྲིག་ཆས་འགས་གཏོར་བྱུང་བའི་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་མེད་འདྲི་སྐབས། ཁི་པུས་ཀྱིས་འབྲེལ་ཡོད་དོན་རྐྱེན་དེའི་བྱེ་བྲག་གི་ནང་དོན་ལ་དཔྱད་འཇོག་བྱེད་རྒྱུ་ཁས་ལེན་མ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།