མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་སྤེལ་འགོ་བརྩམས་པ་དང་མ་འོངས་པའི་སྤྱི་ཆིངས་བཀོད་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2024.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཚོགས་ཡུན་ཉིན་གཉིས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་ཚེས22ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། མཐོ་རིམ་གྲོས་ཚོགས་ནས་མ་འོངས་པའི་ཆིངས་ཡིག་དང་དེའི་ཟུར་གཏོགས་ཡིག་ཆར་གྲོས་འཆམ་བྱུང་བ་དང་། དེ་མིན་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་མང་རིང་ལུགས་སྒྲོམ་གཞི་འཕེལ་རྒྱས་སུ་གཏོང་བ་དང་མ་འོངས་པའི་འཕེལ་རྒྱས་ལ་འཚམ་པར་བྱས་ཏེ། ཧུར་ཐག་སྒོས་བདེ་འཇགས་དང་ཞི་བདེ། དྲང་བདེན། འདྲ་མཉམ། དཀྱེལ་ཡངས། རྒྱུན་མཐུད། དར་རྒྱས་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།

སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་དབྱང་གིས་ཉིན་དེར་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ང་ཚོ་སྤོར་བསྒྱུར་གྱི་བཞི་མདོར་འབྲངས་ཡོད་པ་དང་། སྔར་མེད་ཀྱི་འགྲན་རྩོད་མང་བོར་ཐེབས་ཡོད་པས། ང་ཚོས་ཐུན་མོང་འགུལ་སྐྱོད་སྤེལ་དགོས། མ་འོངས་པའི་ཆིངས་ཡིག་དེས་མིག་སྔའི་ཉམས་ཉེན་ཐག་གཅོད་ཐུབ་པར་མ་ཟད། རྒྱུན་མཐུད་དང་དྲང་བདེན། ཞི་བདེ་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་ཐད་རྨང་གཞི་བརྟན་པོ་བཏང་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། འགྲན་རྩོད་དང་གོ་སྐབས་མཉམ་དུ་གནས་པ་དང་། མ་འོངས་པ་ང་ཚོ་རང་ཉིད་ཀྱི་ལག་ཏུ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འཛམ་གླིང་ཧྲིལ་བོ་ཟང་ཟིང་དང་ཚུལ་བསྒྱུར་གྱི་དུས་སྐབས་སུ་གནས་པས། ངེས་པར་དུ་ཐག་གཅོད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་ནས་རྒྱལ་སྤྱིའི་མཉམ་ལས་གསར་བསྒྱུར་དང་བཅོས་བསྒྱུར་བྱེད་དགོས། ངས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་གཏིང་ཟབ་པའི་བཅོས་བསྒྱུར་སྤེལ་བར་བསམ་བློ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རིན་ཐང་ལྟ་བ་རྨང་གཞིར་བྱས་ནས། འཛམ་གླིང་ཡོངས་ཀྱི་ལས་ཁུངས་དག་སྔར་ལས་ཁྲིམས་མཐུན་དང་འདྲ་མཉམ། ཕན་ནུས་ལྡན་པར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

མ་འོངས་པའི་མཐོ་རིམ་གྲོས་ཚོགས་ནས་ཉིན་དེར་མ་འོངས་པའི་ཆིངས་ཡིག་དང་དེའི་ཟུར་གཏོགས་ཀྱི་འཛམ་གླིང་ཡོངས་ཀྱི་གཞི་གྲངས་ཆིངས་ཡིག་དང་བུ་རབས་ཚ་རྒྱུད་ཀྱི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ཡོད་ཅིང་། རྒྱུན་མཐུད་འཕེལ་རྒྱས་དང་འཕེལ་རྒྱས་དངུལ་གསོག རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། ཚན་རིག ལག་རྩལ། གསར་གཏོད། གཞི་གྲངས་མཉམ་ལས། ན་གཞོན་དང་བུ་རབས་ཚ་རྒྱུད། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་བཅོས་བསྒྱུར་སོགས་ཁྱབ་ཁོངས་ཆེན་པོ་ལྔར་འབྲེལ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།