ཡོ་རོབ་གླིང་མནའ་འབྲེལ་གྱིས་ལེ་པཱ་ནུན་དང་དབྱི་སི་རལ་གྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས22ཉིན་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་བཞག་ནས། སྔར་ལས་ཆེ་བའི་མི་ཆོས་ཀྱི་གནོད་འཚེ་བཟོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

པའོ་ལོས་ལེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལེ་པཱ་ནུན་དང་ཕཱ་ལེ་སི་ཐན་གྱི་གནས་བབ་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་མི་སེར་དཀྱུས་མས་རིན་དོད་ཆེན་པོ་བཏང་ཡོད། གལ་ཏེ་ཕྱོགས་ཡོངས་ནས་འཐབ་འཁྲུག་བྱུང་ཚེ། ཁོ་ཚོར་ཡང་བསྐྱར་གནོད་པ་ཆེན་པོ་ཐེབས་སྲིད་པས། ངེས་པར་དུ་ཕྱི་འབྲེལ་འདུམ་འགྲིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

ཉིན་དེར་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཀྱིས་བཟོ་བའི་ཏང་གི་ལོ་ཚོགས་སྟེང་བསྟན་དོན། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་ཛ་དྲག་གི་གནས་བབ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་བར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། ང་ཚོས་ཕྱོགས་སོ་སོའི་བར་བརྡ་གསལ་བོ་བཏང་ཡོད་དེ། ང་ཚོས་ཕྱོགས་གཉིས་ཀྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ལ། དེ་ལྟར་བྱས་ན་ད་གཟོད་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་ཐུབ་པ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་མི་སེར་དཀྱུས་མ་དག་ཕྱིར་རང་ཁྱིམ་དུ་ལོག་པར་སྟབས་བདེ་བཟོ་ཐུབ་པར་མ་ཟད། ཞི་བདེ་དང་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་འཚོ་བ་རོལ་ཐུབ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།