ཁོ་ལོམ་པུ་ཡཱའི་ཞིང་ཆེན་སྲིད་གཞུང་ཞིག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་ཡན་ལག་རུ་ཁག་གིས་ཞི་བདེའི་གྲོས་མཐུན་བཀོད།
2024.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁོ་ལོམ་པུ་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ནཱ་ལི་ནེ་ཨོ་ཞིང་ཆེན་གྱིས་ཚེས21ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཞིག་གི་བར་ཞི་བདེའི་གྲོས་མཐུན་བཀོད་ཡོད་ཟེར།

ནཱ་ལི་ནེ་ཨོ་ཞིང་ཆེན་གྱི་ཧྲིན་ཀྲང་ཨེ་སི་ཁི་ཝ་ཨར་གྱིས་ཚེས21ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ས་དེའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཀྱི་ཡན་ལག་ལས་ཁུངས་ཤིག་གིས་ཞི་བདེའི་གྲོས་མཐུན་བཀོད་ཡོད་པ་དང་། ཞི་བདེའི་གྲོས་མཐུན་དེར་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཟིང་འཁྲུག་བྱུང་སའི་ས་ཁུལ་གྱི་ཞི་བདེ་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ། མཚོན་ཆ་མེད་པར་གཏོང་བ། དེ་མིན་སྔར་ལས་ཆེ་བའི་ས་ཁོངས་ཀྱི་ས་འོག་འགད་རྫས་གཙང་སེལ་བྱེད་པ་སོགས་གནད་དོན་གཙོ་བོ་བཞི་འདུས་ཟེར།

ནཱ་ལི་ནེ་ཨོ་ཞིང་ཆེན་དེ་ཁོ་ལོམ་པུ་ཡཱའི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ནུབ་ནུས་ཞི་བདེའི་རྒྱ་མཚོར་འབྲེལ་བ་དང་། ལྷོ་ནས་ཨེ་ཀྭ་ཏོར་ལ་འབྲེལ་ཡོད་ལ། གལ་ཆེ་བའི་ཐུའུ་མཱ་ཁི་གྲུ་ཁ་ཡོད། ཁྲིམས་འགལ་དྲག་ཆས་རྩ་འཛུགས་ཀྱིས་མཚོ་འགྲམ་དང་མཐའ་མཚམས་ས་ཁུལ་ནས་དུག་རྫས་ལྐོག་འཚོང་དང་ཁྲིམས་འགལ་གྱིས་གཏེར་འདོན། མཚོན་ཆ་བཟོ་བ་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད། ཨེ་སི་ཁི་ཝ་ཨར་ཡིས་ཉེ་སྔོན་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནཱ་ལི་ནེ་ཨོ་ཞིང་ཆེན་གྱི་དཔལ་འབྱོར་ཁྱད་སྟོབས་མངོན་གསལ་ཡིན་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཡིན་ཡང་ཁྲིམས་འགལ་དྲག་ཆས་རྩ་འཛུགས་དང་དྲག་ཆས་འཁྲུག་རྩོད་ལས་ས་དེའི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར།

ཟླ་འདིའི་ཚེས18ཉིན། མི་རིགས་བཅིངས་འགྲོལ་རྩ་འཛུགས་ཀྱིས་སྲིད་གཞུང་གི་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་ཤི་རྨས་ཚབས་ཆེན་བཟོས་པས། ཁོ་ལོམ་པུ་ཡཱའི་ཀྲུང་དབྱང་སྲིད་གཞུང་གིས་གནས་སྐབས་སུ་རྩ་འཛུགས་དེའི་བར་གྱི་ཞི་བའི་གྲོས་མོལ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།