མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས23ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་དང་ལེ་པཱ་ནུན་གྱི་མཐའ་མཚམས་ཉེ་འདབས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར་ཧ་ལས་པའི་ཚུལ་བསྟན་པ་དང་། གནས་བབ་དེ་མྱུར་མོར་ཞི་འཇགས་སུ་བཏང་སྟེ། རང་ནུས་ཅི་ལྕོགས་ཀྱིས་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ད་རུང་ན་ནིང་ཟླ10བའི་ཚུན་ལ་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་འགས་གཏོར་བཏང་ནས་མི་སྟོང་ཕྲག་མང་བོར་ཡུལ་འཁྱམས་བྱས་པ་དང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་བསྟུད་མར་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་ཧ་ལས་པའི་ཚུལ་བསྟན། རྒྱལ་མཚམས་ཉེ་འགྲམ་གྱི་མི་སེར་དཀྱུས་མའི་བདེ་འཇགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། མི་སྣར་ཤི་རྨས་བཟོས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་མྱུར་མོར་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་བསྐྱར་སྒྲོག་བྱས། གང་ནུས་ཀྱིས་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པར་མ་ཟད། ཕྱོགས་སོ་སོས་མི་སེར་དཀྱུས་མ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་འབྲེལ་ཡོད་ཕྱོགས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་འཁྲི་ཡོད་པའི་གསལ་འདེབས་བྱས་པ་དང་། ཕྱོགས་སོ་སོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱས་ཏེ་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་ནས་གཏན་འཇགས་སླར་གསོ་བྱེད་པ་ཡང་བསྐྱར་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།