དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་ཏེ་མི492རྐྱེན་ལམ་དུ་ཤོར།
2024.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས23ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་བསྟུད་མར་བར་སྣང་འཇབ་རྒོལ་བྱས་ཏེ། མི492རྐྱེན་ལམ་དུ་ཤོར་བ་དང་། མི1645ལ་རྨས་ཕོག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ལས་ལེ་པཱ་ནུན་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་པེ་ཁཱ། ཕཱ་ལེ་པེ་ཁི་སོགས་ས་ཁུལ་གྱི་མཁར་གྲོང་དང་སྡེ་བར་གཅིག་བསྡུས་ཀྱིས་འཇབ་རྒོལ་བྱས་པ་དང་། འདས་པོའི་གྲས་སུ་བྱིས་པ35དང་བུད་མེད58འདུས་ཟེར།

ལེ་པཱ་ནུན་གྱི་སྨྱན་བྱད་ཀྱིས་ཚེས23ཉིན་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་པ་དང་། དམིགས་འབེན་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་ཞིག་རེད་ཟེར། ཀྲིན་ཀྲུའུ་ཏང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་འཇབ་རྒོལ་དམིགས་འབེན་ནི་ཨ་ལི་ཁཱ་ལཱ་ཅི་ཡིན་པ་དང་། ཁོ་མིག་སྔར་བདེ་འཇགས་ཡིན་པར་མ་ཟད་བདེ་འཇགས་ཀྱི་གནས་སུ་བསྐྱལ་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས23ཉིན་གྱི་དགོང་མོར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད24རིང་ལ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་ཏེ། ཀྲིན་ཀྲུའུ་ཏང་གི་དམིགས་འབེན1300ལྷག་ལ་ཆམ་ཕབ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།