2024ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་བགྲོ་གླེང་ཚོགས་འདུ་དང་མི་གཞུང་བརྗེ་རེས་གླེང་སྟེགས་ཚེས23ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་སྤེལ། ཀྲུང་གོ་དང་ཨུ་རུ་སི། རྒྱ་གར། པཱ་ཞི། ཨ་ཧྥེ་རི་ཁ་ལྷོ་མ། ཨེ་ཅིབ། དབྱི་ལིང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་གསེར་གྱོམ་རྒྱལ་ཁབ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་སོགས་ཀྱི་འཐུས་མི120ལྷག་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཞེས་པའི་བརྗོད་སྙིང་ལ་དམིགས་ནས་བགྲོ་གླེང་བརྗེ་རེས་བྱས།
ཚོགས་ཞུགས་སྐུ་མགྲོན་དག་གིས་བལྟས་ན། གསེར་གྱོམ་རྒྱལ་ཁབ་ནི་རྒྱལ་སྤྱིའི་གྲུབ་ཚུལ་གསར་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཀྱི་ཚབ་བྱས་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱིས་རང་བདག་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་དེ་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་དགོས་མཁོ་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བྱས་རྗེས་གལ་ཆེན་ཞིག་ཡིན། གསེར་གྱོམ་རྒྱལ་ཁབ་ཀྱི་དེང་རབས་ཅན་དེ་མི་དམངས་ཀྱི་ཕན་བདེ་ཇེ་ཆེར་གཏོང་བ་མགོ་རྩོམ་སར་བྱེད་དགོས་པ་དང་། མི་དམངས་ཀྱི་མཛེས་པའི་འཚོ་བར་བསྙེགས་པའི་རེ་འདུན་བསྐངས་པ་རྐང་འཛུགས་སར་བྱེད་དགོས། གསེར་གྱོམ་རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་འཕེལ་རྒྱས་བཙན་སྐུལ་ལ་ངོ་རྒོལ་བྱེད་ཅིང་། བློ་བརྟན་འགྱུར་མེད་ཀྱིས་རང་སྟེང་གི་འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་སྒེར་ཚུགས་རང་བདག་གི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱིས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་བརྟེན་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་མཉམ་དུ་འཚོལ་ཞིབ་བྱེད་དགོས་པར་འདོད།
ཚོགས་ཞུགས་སྐུ་མགྲོན་དག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བླངས་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་བྱས་པ་དང་། དེ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་རང་སྟེང་གི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་དཔྱད་གཞི་དང་བློ་གྲོས་འདོན་སྤྲོད་བྱས་ཡོད་ལ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་རང་སྟེང་གི་ལོ་རྒྱུས་རིག་གནས་དང་དཔལ་ཡོན་སྲོལ་རྒྱུན་ལ་རྐང་བཙུགས་ཏེ། སྒེར་ཚུགས་རང་བདག་གིས་དེང་རབས་ཅན་གྱི་ཁྱད་ཆོས་ལྡན་པའི་ལམ་དུ་བགྲོད་པའི་རེ་བ་དང་ཡིད་ཆེས་སྐུལ་སྤེལ་བྱས་ཡོད་པར་འདོད། ཚོགས་ཞུགས་སྐུ་མགྲོན་དག་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་བགྲོ་གླེང་ཚོགས་འདུ་དང་མི་གཞུང་བརྗེ་རེས་གླེང་སྟེགས་ཀྱིས་གསེར་གྱོམ་རྒྱལ་ཁབ་དག་མཉམ་འབྲེལ་ངང་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་དམངས་སེམས་གཅིག་སྒྲིལ་བྱེད་པའི་ཐོག་མའི་སེམས་འདུན་ལ་ཡར་སྐུལ་བྱས་ནས། མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་བཅས་ལག་ལེན་བྱེད་པའི་གྲོས་མོལ་སྟེགས་བུ་གལ་ཆེན་ཞིག་གསར་བསྐྲུན་བྱེད་དགོས་ཟེར།
བྱ་འགུལ་སྤེལ་བའི་སྐབས་སུ་ད་རུང་གསེར་གྱོམ་སྙིང་སྟོབས་ཀྱི་རང་མདངས་ཞེས་པའི་པར་རིས་འགྲེམ་སྟོན་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དུས་རབས་གསར་བའི་གསེར་གྱོམ་མཉམ་ལས་ཀྱི2024ལོའི་རྟོག་ཞིབ་སྙན་ཞུ་ཞེས་པའི་ཆེད་དོན་སྙན་ཞུ་སྤེལ། ཐེངས་འདིའི་བྱ་འགུལ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་གོའི་ཕྱི་ཡིག་ཅུའུ། ཨུ་རུ་སིའི་ཚགས་པར། ཨུ་རུ་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།