ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཚེས25ཉིན་རྒྱལ་ས་གསར་བ་ནོའུ་ཧྲན་ཐཱ་ལཱ་ནས་ཕྱི་རྒྱལ་གྱི་དངུལ་གཏོང་ལས་གཞི་སྐོར་ཐེངས་དང་པོར་རྨང་འདིང་མཛད་སྒོ་སྤེལ།
ཙོ་ཁི་ཡིས་རྨང་འདིང་མཛད་སྒོའི་སྟེང་བསྟན་དོན། ནོའུ་ཧྲན་ཐཱ་ལཱ་རུ་དངུལ་གཏོང་བྱེད་པ་ནི་མ་འོངས་པར་དངུལ་གཏོང་བྱེད་པ་ཡིན། ཕྱི་རྒྱལ་གྱི་དངུལ་གཏོང་མཁན་ཡོད་པ་ལས་ནོའུ་ཧྲན་ཐཱ་ལཱ་ནི་འགུག་ཤུགས་ལྡན་པའི་དངུལ་གཏོང་བྱེད་ས་ཞིག་ཡིན་པ་གསལ་བཤད་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ས་གསར་བ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། རྨང་གཞིའི་སྒྲིག་ཆས་དང་སྒྲིག་ཆས་ཆ་ཚང་སྣ་ཚོགས་རིམ་བཞིན་འཐུས་ཚང་དུ་འགྱུར་བཞིན་ཡོད་ལ། སྔར་ལས་མང་བའི་ཕྱི་རྒྱལ་གྱི་དངུལ་གཏོང་མཁན་ནང་འགུག་བྱེད་ཐུབ་ཟེར།
ཙོ་ཁི་ཡིས་བཤད་རྒྱུར། རྒྱལ་ས་གསར་བའི་གསར་སྤེལ་དེས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འགུག་ཤུགས་ལྡན་པའི་རྒྱལ་སྤྱིའི་མཁར་གྲོང་གསར་བསྐྲུན་བྱེད་དགོས། མིག་སྔར་སྐར་ལྔ་རིམ་པའི་མགྲོན་ཁང་དང་སྤྲོ་སྐྱིད་གླིང་། ཚོང་ར། གཞུང་སྒྲུབ་ཐོག་ཁང་སོགས་རྩེར་སོན་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་གཏན་འཇགས་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། ཚོད་དཔག་བྱས་ན་སང་ལོར་ལས་གཞི་མང་ཆེ་བ་བེད་སྤྱོད་བྱེད་ཐུབ་ངེས་རེད་ཟེར།
ཆ་ཚང་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཐད་ནས་ཙོ་ཁི་ཡིས་བསྟན་དོན། ནོའུ་ཧྲན་ཐཱ་ལཱ་དང་ཅཱ་ལི་མན་ཏན་ཤར་མ་ཞིང་ཆེན་གྱི་རྡོ་སྣུམ་གྲོང་རྡལ་གཙོ་བོ་པཱ་ལི་པཱ་པན་གཅིག་ཏུ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་དེ་ད་ལོའི་ལོ་མཇུག་དང་ཡང་ན་སང་ལོའི་ལོ་དཀྱིལ་དུ་ལེགས་འགྲུབ་འབྱུང་སྲིད་པ་དང་། སྐབས་ཐོག་དེར་ས་ཁུལ་དེ་གཉིས་ཀྱི་བར་ཐག་སྐར་མ40ནས50ཡིས་ཇེ་ཐུང་དུ་གཏོང་ཐུབ། དེ་ལས་གཞན་ནོའུ་ཧྲན་ཐཱ་ལཱའི་གནམ་གྲུ་ཐང་གི་འཛུགས་སྐྲུན་དེ་ཡང་ད་ལོའི་ཟླ12པར་ཡོངས་འགྲུབ་བྱེད་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།