དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དང་ཨེ་ཅིབ། ཅོར་ཏན་བཅས་རྒྱལ་ཁབ་གསུམ་གྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་ཚོགས་འདུའི་སྟེང་སུ་གྲོས་ཚོགས་བསྡུས་ནས། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་གྲོས་བསྡུར་བྱས་པ་དང་། དབྱི་སི་རལ་གྱིས་ཉེ་སྔོན་ལེ་པཱ་ནུན་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བར་མ་ཟད། གནས་བབ་ཚོད་འཛིན་བྱེད་དཀའ་བའི་གནས་སུ་ལྷུང་བར་སྔོན་འགོག་བྱེད་པའི་ལས་འགན་གཙོ་བོ་ནི་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་རྒྱུ་དེ་ཡིན་པ་ནན་བཤད་བྱས།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཉེ་སྔོན་སྤེལ་བའི་དམག་དོན་འགུལ་སྐྱོད་ཀྱི་མཇུག་འབྲས་ཚབས་ཆེན་ཡིན་པ་དང་། དབུས་ཤར་ས་ཁུལ་དུ་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་དུ་འཇུག་བཞིན་ཡོད་ཟེར། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནས་བབ་ཞི་འཇགས་སུ་བཏང་ནས་འཐབ་འཁྲུག་མཚམས་འཇོག་ཏུ་འཇུག་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།