དབྱི་རག་གི་དམངས་དམག་དྲག་ཆས་པས་མི་མེད་གནམ་གྲུ་བཀོལ་ནས་དབྱི་སི་རལ་གྱི་གྲོང་ཁྱེར་ལ་འཇབ་རྒོལ་བྱས།
2024.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་རག་གི་དམངས་དམག་དྲག་ཆས་པ་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱིས་ཚེས25ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་དབྱི་སི་རལ་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཨེ་ལཱ་ཐི་ཡི་ས་གནས་གཙོ་བོ་ཞིག་ལ་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་ནི་ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན་ལ། རྩ་འཛུགས་དེས་མུ་མཐུད་དུ་དགྲ་བོའི་སྡོད་གནས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། རྩ་འཛུགས་དེས་མི་མེད་གནམ་གྲུ་གཏོང་བའི་བརྙན་རིས་ཁྱབ་བསྒྲགས་བྱས་ཀྱང་། མི་སྣར་ཤི་རྨས་བཟོས་པའི་གནས་ཚུལ་གསལ་བོར་གླེང་མེད་ཟེར།

དབྱི་སི་རལ་གྱི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཉིན་དེའི་དགོང་མོར་བཤད་རྒྱུར། མི་མེད་གནམ་གྲུ་གཉིས་ཨེ་ལཱ་ཐི་རུ་འཕུར་རྗེས་ས་དེར་ཉེན་བརྡ་གྲགས་པ་དང་། དབྱི་སི་རལ་གྱི་མཚོ་དམག་གི་གྲུ་གཟིངས་ཤིག་གིས་མི་མེད་གནམ་གྲུ་གཅིག་བཀག་ཡོད་ལ། མི་མེད་གནམ་གྲུ་གཞན་པ་གཅིག་ཨེ་ལཱ་ཐི་གྲུ་ཁའི་ས་ཁོངས་སུ་ལྷུང་ནས་མི་གཉིས་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འཁྲུག་རྩོད་དེ་ཉེ་སྔོན་ཛ་དྲག་ཏུ་སོང་བའི་ཚུན་ལ། དབྱི་རག་གི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱིས་ཐེངས་མང་བོར་དབྱི་སི་རལ་གྱི་དམིགས་འབེན་ལ་མི་མེད་གནམ་གྲུ་དང་འཕུར་མདའི་འཇབ་རྒོལ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།