ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཀྲང་ཧྥེ་ལཱ་སི་ཨ་པུའུ་ཡཱ་ཏི་ཡིས་ཚེས25ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་བསྟུད་མར་བར་སྣང་འཇབ་རྒོལ་བྱས་ཏེ། མི51རྐྱེན་ལམ་དུ་ཤོར་བ་དང་། མི223ལ་རྨས་ཕོག་ཡོད་ཟེར།
ལེ་པཱ་ནུན་གྱི་ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྔོན་གྱི་ཉིན་གཉིས་དང་བསྡུར་ན་དབྱི་སི་རལ་གྱི་ཚེས25ཉིན་གྱི་འཇབ་རྒོལ་ཁྱབ་ཁོངས་སྔར་ལས་ཇེ་ཆེར་སོང་ཡོད་པ་དང་། ལེ་པཱ་ནུན་རི་བོའི་ཞིང་ཆེན་གྱི་མཁར་གྲོང་མང་བོར་བར་སྣང་འཇབ་རྒོལ་ཐེབས་ཡོད་ཟེར།
ཚེས25ཉིན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་མུ་མཐུད་དུ་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས25ཉིན་བསྟན་དོན། གནས་བབ་ལ་དཔྱད་འཇོག་བྱས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་རྗེས་གྲབས་སྟོང་ཤོག་གཉིས་གཅིག་བསྡུས་བྱས་ཏེ་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།