འཇར་མན་གྱི་ཧན་པའོ་རྒྱལ་སྤྱིའི་རླུང་ནུས་འགྲེམ་སྟོན་ལས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
2024.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འཇར་མན་གྱི་ཧན་པའོ་རྒྱལ་སྤྱིའི་རླུང་ནུས་འགྲེམ་སྟོན་དེ་ཚེས24ཉིན་སྤེལ་མགོ་བརྩམས། འགྲེམ་སྟོན་ཚོགས་འདུ་ནས་ཕྱོགས་སོ་སོས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ནུས་ཁུངས་ཀྱི་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

སྐབས་འདིའི་རླུང་ནུས་འགྲེམ་སྟོན་དེས་བསྡོམས་པས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་གི་ཁེ་ལས་སྟོང་གཅིག་དང་དྲུག་བརྒྱ་ཙམ་ནང་འགུག་བྱས་ཏེ་འགྲེམ་སྟོན་ལ་ཞུགས་ཡོད་ཅིང་། སྐམ་ས་དང་མཚོ་ཐོག་གི་རླུང་ནུས་རིན་ཐང་གི་ལས་རིམ་སོ་སོར་ཁེབས་ཡོད་ལ། ཕྱོགས་ཡོངས་ནས་རླུང་ནུས་ལས་རིགས་ཀྱི་རྣམ་པ་གསར་བ་མངོན་པར་བྱས་ཡོད། འགྲེམ་སྟོན་སྐབས་སུ་ད་རུང་ཆེད་ལས་ཀྱི་གྲོས་ཚོགས་ཐེངས200ལྷག་སྤེལ་རྒྱུ་ཡིན་པ་དང་། ལས་རིགས་སོ་སོའི་ཆེད་མཁས་པ་གདན་དྲངས་ནས་རླུང་ནུས་ལས་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གལ་ཆེན་དང་གྲོས་གཞི་གཙོ་བོར་གཏིང་ཟབ་ཏུ་བརྗེ་རེས་བྱེད་རྒྱུ་རེད།

འགྲེམ་སྟོན་ཚོགས་འདུའི་གཙོ་སྒྲུབ་བྱེད་མཁན་གྱི་འགན་ཁུར་བ་ཙེ་ཨར་པཱ་ཧི་ཡིས་བཤད་རྒྱུར། ཧན་པའོ་རྒྱལ་སྤྱིའི་རླུང་ནུས་ནི་རླུང་ནུས་ལས་རིགས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་རླུང་ནུས་ཁྱབ་ཁོངས་ཀྱི་ཟབ་ཞུགས་མཁན་གཙོ་བོ་དག་གཅིག་འདུས་བྱས་ཡོད་པར་མ་ཟད། ཕྱོགས་སོ་སོས་མཉམ་འབྲེལ་གང་ལེགས་བྱེད་པར་སྐུལ་འདེད་བཏང་ཡོད་ཟེར། ཚོགས་ཞུགས་མི་སྣས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་ནི་ནུས་ཁུངས་ཚུལ་བསྒྱུར་མངོན་འགྱུར་བྱེད་པའི་གནད་འགག་ཡིན། སིང་ག་ཕོར་གྱི་ཁེ་ལས་འཕེལ་རྒྱས་ཅུའུ་ཡི་ལག་བསྟར་ཀྲུའུ་ཞི་ལིས་ཆོན་ཏི་ཡིས་བཤད་རྒྱུར། དག་གཙང་ནུས་ཁུངས་ལ་ཕྱོགས་པའི་རྒྱུ་ལམ་སྟེང་། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཀུང་ཟི་སྔར་ལས་མང་བོས་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ཆོག་པ་དང་། ཕན་ཚུན་གྱི་ལག་རྩལ་དང་ནུས་པ་བེད་སྤྱད་དེ་ཁོད་ཡངས་པའི་ཚོང་རའི་བར་སྟོང་གསར་འབྱེད་བྱེད་དགོས་ཟེར།

ཀྲུང་གོའི་ཁེ་ལས་མང་བོ་སྐབས་འདིའི་འགྲེམ་སྟོན་ཚོགས་འདུར་ཞུགས་ཡོད། ཀྲུང་གོའི་རླངས་འཁོར་སོགས་ཀྲུང་གོའི་ཁེ་ལས་ཀྱིས་ལང་ལོང་སྒོས་ཐོན་རྫས་དང་ལག་རྩལ་གསར་བ་མངོན་པར་བྱས་ནས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་དུ་བཅུག་ཡོད། ཀྲུང་གོའི་རླངས་འཁོར་གྱི་ཙུང་ཚེ་གཞོན་པ་ཡུས་ཝེ་ཕེན་གྱིས་བཤད་རྒྱུར། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚུལ་བསྒྱུར་ཐད་སྟོབས་ཤུགས་འབུལ་བར་འབད་འབུངས་བྱེད་པ་དང་། ཐེངས་འདིའི་འགྲེམ་སྟོན་གོ་སྐབས་སུ་བྱས་ནས་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།

ཧན་པའོ་རྒྱལ་སྤྱིའི་རླུང་ནུས་འགྲེམ་སྟོན་ནི་འཛམ་གླིང་ཡོངས་ཀྱི་རླུང་ནུས་ལས་རིགས་ཀྱི་འགྲེམ་སྟོན་དང་བརྗེ་རེས་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། 2014ལོ་ནས་བཟུང་ལོ་གཉིས་རེ་ནང་ཐེངས་རེ་སྤེལ་བཞིན་ཡོད། སྐབས་འདིའི་འགྲེམ་སྟོན་དེ་ཚེས27ཉིན་བར་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།