ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།
2024.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་དབྱེ་པུའུ་ལཱ་ཞིན་ཁུའུ་པེད་ཞི་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས24ཉིན་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས24ཉིན་པེ་རུ་ཐི་རུ་བར་སྣང་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་དབྱེ་པུའུ་ལཱ་ཞིན་ཁུའུ་པེད་ཞི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། ལེ་པཱ་ནུན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་བསྒྲགས་པ་ལྟར་ན། མི་དེ་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདའི་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཡིན་ཟེར།

དབྱི་སི་རལ་གྱིས་ཚེས23ཉིན་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་བསྟུད་མར་བར་སྣང་འཇབ་རྒོལ་བྱས་ཏེ་མི558རྐྱེན་ལམ་དུ་ཤོར་བ་དང་། མི1835ལ་རྨས་ཕོག དེ་ནི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བའི་ཚུན་ལ་ཤི་རྨས་ཐེབས་པ་ཆེས་ཚབས་ཆེ་བའི་ཉིན་ཞིག་རེད། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་སོགས་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་ཟེར། ལེ་པཱ་ནུན་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཚེས24ཉིན་བཤད་རྒྱུར། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སྡེ་བ་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་མི་དྲུག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།