ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས27ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། རང་གི་བཀོད་འདོམ་དཔོན་པོ་སཱ་ལུའུ་ཨར་ཚེས26ཉིན་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས། གསལ་སྒྲོག་ལས་སཱ་ལུའུ་ཨར་རྐྱེན་ལམ་དུ་ཤོར་བའི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད།
ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས26ཉིན་འཕུར་མདའ་གསུམ་བཀོལ་ནས་པེ་རུ་ཐིའི་ལྷོ་འདབས་ཀྱི་སྡོད་དམངས་ཐོག་ཁང་ཞིག་ལ་འཇབ་རྒོལ་བྱས་པ་དང་། དམིགས་འབེན་དེ་ནི་བརྩེགས་རིམ་བཅུ་ཅན་གྱི་ཐོག་ཁང་ནང་གི་སྡོད་ཤག་ཅིག་ཡིན་པ་རེད་ཟེར། ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་མི2རྐྱེན་ལམ་དུ་ཤོར་བ་དང་མི15ལ་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས26ཉིན་སཱ་ལུའུ་ཨར་དབྱི་སི་རལ་གྱི་དམག་དཔུང་གིས་པེ་རུ་ཐི་རུ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་དང་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། སཱ་ལུའུ་ཨར་གྱིས་སྔོན་ཆད་དབྱི་སི་རལ་ལ་དམིགས་པའི་མི་མེད་གནམ་གྲུ་དང་འཕུར་མདའི་འཇབ་རྒོལ་དོན་རྐྱེན་མང་བོར་བཀོད་འདོམ་བྱས་པ་རེད་ཟེར།
དེ་ནི་གཟའ་འཁོར་གཅིག་གི་ནང་དབྱི་སི་རལ་གྱིས་པེ་རུ་ཐིའི་ལྷོ་འདབས་སུ་སྤེལ་བའི་འཇབ་རྒོལ་ཐེངས་བཞི་བ་རེད། ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཉེ་སྔོན་བསྟུད་མར་ཛ་དྲག་ཏུ་གྱུར་བ་དང་། ཕྱི་ཕྱོགས་ཀྱིས་འཁྲུག་རྩོད་དེ་ཚོད་འཛིན་བྱེད་ཐབས་བྲལ་ནས་ཕྱོགས་ཡོངས་ཀྱི་འཐབ་འཁྲུག་འབྱུང་བར་སེམས་ཁུར་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།