ལེ་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གྲོས་མཐུན་བཀོད་དེ་ཀྲུང་དབྱང་དངུལ་ཁང་གི་ཉམས་ཉེཔན་མཇུག་སྒྲིལ་དུ་བཅུག
2024.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་སྐུལ་འདེད་བཏང་འོག ལེ་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་ཚབ་བྱེད་པའི་རྒྱལ་ཁབ་ཆེས་མཐོའི་ཨུ་ཡོན་ལྷན་ཁང་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཚེས26ཉིན་རྒྱལ་ས་ཏི་ལེ་པའོ་ལི་ནས་གྲོས་མཐུན་བཀོད་དེ། ལེ་པུ་ཡཱའི་ཀྲུང་དབྱང་དངུལ་ཁང་གི་ཉམས་ཉེན་མཇུག་སྒྲིལ་དུ་བཅུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཁུའུ་ལི་ཡིས་བཤད་རྒྱུར། གྲོས་མཐུན་དེའི་གཏན་འཁེལ་ལྟར་ན། གྲོས་མཐུན་བཀོད་པའི་གཟའ་འཁོར་གཅིག་གི་ནང་། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཀྲུང་དབྱང་དངུལ་ཁང་གི་མགོ་བ་གཙོ་གཞོན་གཉི་ག་བསྐོ་འཇོག་བྱེད་རྒྱུ་ཡིན་པར་མ་ཟད། མགོ་གཙོས་ལས་འགན་ཁུར་རྗེས་ཀྱི་གཟའ་འཁོར་གཉིས་ནང་ཀྲུང་དབྱང་དངུལ་ཁང་གི་ཏུང་ཧྲི་ཚོགས་པ་བསྐོ་འཇོག་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གིས་གོང་སྨྲས་ཀྱི་བསྐོ་འཇོག་ཐད་བློ་འདྲིའི་བསམ་འཆར་འདོན་རྒྱུ་རེད། དེའི་ཞོར་དུ་གྲོས་མཐུན་དེར་ད་རུང་ཕན་ནུས་ལྡན་པའི་སྒོ་ནས་ལེ་པུ་ཡཱའི་ཀྲུང་དབྱང་དངུལ་ཁང་དང་དེའི་ཚོང་གཉེར་གྱི་གསལ་ཚད་དང་སྒེར་ཚུགས་རང་བཞིན་སོགས་ཐད་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་དོ་དམ་ནུས་ལྡན་བྱས་ཡོད།

ཁུའུ་ལི་ཡིས་གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། གྲོས་མཐུན་བཀོད་པ་ལས་གནས་བབ་གསར་བ་ཞིག་གི་མགོ་བརྩམས་པ་མཚོན་ཡོད། ལེ་པུ་ཡཱའི་ཕྱོགས་སོ་སོས་དེའི་རྨང་གཞིའི་སྟེང་བཟོད་སྒོམ་རང་བཞིན་གྱི་གྲོས་མོལ་དང་མཉམ་ལས་ལ་ཞུགས་ཏེ་ཐག་གཅོད་ཐོབ་མེད་པའི་གནད་དོན་ཐག་གཅོད་བྱས་ནས། རང་གི་ལས་ཁུངས་གཅིག་གྱུར་དང་ཁྲིམས་མཐུན་རང་བཞིན་སླར་གསོ་བྱེད་པར་རྨང་གཞི་འདིང་དགོས་ཟེར། ཁུའུ་ལི་ཡིས་ནན་གྱིས་བསྟན་དོན། གང་མགྱོགས་སྒོས་སྣུམ་ཞིང་གི་ཐོན་སྐྱེད་དང་རྡོ་སྣུམ་ཕྱིར་གཏོང་ཡང་བསྐྱར་སླར་གསོ་བྱེད་དགོས་ཟེར།

ནུབ་ཕྱོགས་ས་ཁུལ་ཚོད་འཛིན་བྱེད་པའི་ལེ་པུ་ཡཱའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ཟླ8པའི་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཀྲུང་དབྱང་དངུལ་ཁང་གི་མགོ་བ་བརྗེ་སྤོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཆོད་དོན་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། བྱ་སྤྱོད་དེ་ནི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་འགན་འཁྲིའི་དབང་ཚད་ཁྱབ་ཁོངས་ལས་བརྒལ་ཡོད་ཟེར། དེའི་ལན་དུ་ལེ་པུ་ཡཱའི་ཤར་ཕྱོགས་སྲིད་གཞུང་གིས་རང་གིས་ཚོད་འཛིན་བྱེད་པའི་སྣུམ་ཞིང་དང་གྲུ་ཁ་ཚང་མ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།