སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་ལ་དཔུང་འཇུག་བྱས།
2024.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

སུའུ་ཏན་དམག་ཕྱོགས་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཚེས26ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་ཚོད་འཛིན་བྱེད་པའི་ས་ཁུལ་མང་བོར་དཔུང་འཇུག་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས། མིག་སྔའི་བར་དུ་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཤི་རྨས་ཐེབས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད།

སུའུ་ཏན་དམག་ཕྱོགས་ཀྱི་མི་སྣས་ཚེས26ཉིན་གསར་འགོད་པར་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་ཁཱ་ཐུའུ་མུའུ་གྲོང་ཁྱེར་ལྟེ་གནས་ཀྱི་འཐབ་ཇུས་གནད་ས་མང་བོར་དཔུང་འཇུག་བྱས་པ་དང་། དམིགས་ཡུལ་ནི་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ས་ཁུལ་དེ་དག་ནས་མཐར་སྐྲོད་གཏོང་བའི་ཆེད་དུ་རེད། དམག་དོན་མི་སྣ་དེས་བཤད་རྒྱུར། དེ་ནི་སུའུ་ཏན་དྲག་ཆས་དམག་དཔུང་གིས་ཁཱ་ཐུའུ་མུའུ་ནས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་དཔུང་འཇུག་འགུལ་སྐྱོད་ཐེངས་ཤིག་ཡིན་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཁཱ་ཐུའུ་མུའུ་གྲོང་ཁྱེར་ལྟེ་གནས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་ནས་དུད་ནག་འཕྱུར་བཞིན་ཡོད་ཟེར། སུའུ་ཏན་གླེང་སྟེགས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཁཱ་ཐུའུ་མུའུ་གྲོང་ཁྱེར་ལྟེ་གནས་ཀྱི་ཨ་རབ་ཚོང་ར་དང་སྐམ་དམག་གི་སྤྱིའི་བཀོད་འདོམ་པུའུ་བཅས་ལས་མེ་མདའ་དང་སྒྱོགས་མདེལ་གྱི་སྒྲ་གྲགས་ཡོང་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་ད་རུང་འཐབ་འཛིང་གནམ་གྲུ་མངག་ནས་ས་ངོས་ཀྱི་འགུལ་སྐྱོད་ལ་རམ་འདེགས་བྱས་པ་རེད། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས26ཉིན་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། འཐབ་འཛིང་དམག་དཔུང་དེ་ཁཱ་ཐུའུ་མའུ་ཡི་ཟམ་པ་གཙོ་བོ་གསུམ་བརྒྱུད་དེ་ཨ་རབ་ཚོང་རར་སོང་བ་རེད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས26ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ཁ་བླངས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།