དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན།
2024.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཚི་ཡིས་ཚེས26ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་རྒྱལ་ཁ་ལོན་རག་བར་མུ་མཐུད་དུ་ཤུགས་ཆེན་པོས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཁཱ་ཚི་ཡིས་བསྟན་དོན། བྱང་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་མི་སྲིད། ང་ཚོས་རྒྱལ་ཁ་ལོན་ནས་བྱང་ཕྱོགས་ཀྱི་སྡོད་དམངས་དག་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་རག་བར་དུ། མུ་མཐུད་དུ་ཤུགས་ཆེན་པོས་ཀྲིན་ཀྲུའུ་ཏང་བར་འཐབ་འཁྲུག་བྱེད་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་དེའི་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་རེ་བཞིན་ཡོད་ཟེར་ཡང་། དབྱི་སི་རལ་ཕྱོགས་ཀྱིས་བལྟས་ན་ཐོག་མར་ངེས་པར་དུ་ཀྲིན་ཀྲུའུ་ཏང་གི་དབྱི་སི་རལ་བྱང་ངོས་མཐའ་མཚམས་ཀྱི་འཇིགས་ཉེན་མེད་པར་བཟོ་དགོས་ཟེར།

ཨ་མེ་རི་ཁའི་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་བཞིན་པའི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད། ཧྥ་རན་སི་དང་ཨ་མེ་རི་ཁས་ཚེས25ཉིན་གནས་སྐབས་སུ་ཉིན21རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་བཏོན། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་གྲོས་གཞི་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་པ་དང་། དམག་དཔུང་གིས་མུ་མཐུད་དུ་འཐབ་འཁྲུག་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།