ཧྥ་རན་སི་ཡིས་རེ་བ་བཏོན་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས25ཉིན་ཡང་བསྐྱར་ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་རྒྱལ་མཚམས་ས་ཁུལ་ནས་སྔར་ལས་ཛ་དྲག་ཏུ་འགྱུར་བའི་དྲག་ཤུགས་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་མི་སེར་དཀྱུས་མ་མང་བོ་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱི་དམག་དོན་དམིགས་འབེན་དང་སྡོད་དམངས་འདུས་སྡོད་ས་ཁུལ་དུ་ཡང་དང་བསྐྱར་དུ་ཀྲིན་ཀྲུའུ་ཏང་གི་འཇབ་རྒོལ་ཐེབས་བཞིན་ཡོད་ལ། གནས་བབ་ཧ་ཅང་ཛ་དྲག་ཡིན། གནོད་འཚེ་རང་བཞིན་གྱི་ས་ཁུལ་གྱི་འཁྲུག་རྩོད་དུ་འགྱུར་ཉེན་ཡོད་པས་ཕྱོགས་གཉིས་ཀྱིས་ངེས་པར་དུ་རང་ཚོད་འཛིན་དགོས་ཟེར།
ཧྥ་རན་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་བར་འདུམ་བྱས་ཏེ། ལེ་པཱ་ནུན་ནས་ཉིན21རིང་གི་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་ཞིག་ལག་བསྟར་བྱེད་པ་དང་། ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གྲོས་མོལ་སྤེལ་བར་སྟབས་བདེ་བཟོས་ནས། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་། རྒྱ་ཆེའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་རྒྱུའི་གྲོས་གཞི་བཏོན།
ཨ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐེངས་འདིའི་འཁྲུག་རྩོད་ཀྱི་མཇུག་འབྲས་ཚབས་ཆེན་ཐད་ནས་ཉེན་བརྡ་བཏང་བ་དང་། དེ་ལས་གཞི་རྒྱ་ཆེ་བའི་ས་ཁུལ་རང་བཞིན་གྱི་འཐབ་འཁྲུག་བྱུང་ནས་ས་ཁུལ་ཧྲིལ་བོའི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པར་འདོད། ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་ལག་བསྟར་བྱས་ཤིང་། མྱུར་མོར་གསོད་རྨས་རང་བཞིན་གྱི་བྱ་སྤྱོད་དེ་རིགས་ལ་ཐེ་གཏོགས་བྱེད་པ་དང་། གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་སོང་ནས་དབུས་ཤར་གྱི་ས་ཁུལ་གཞན་པར་མཆེད་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།