ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་པེ་རུ་ཐིའི་ལྷོ་འདབས་ས་ཁུལ་དུ་ཉིན་དེའི་ཞོགས་པར་ཡང་བསྐྱར་དབྱི་སི་རལ་གྱི་དམག་དཔུང་གི་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་ཐེབས།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་དུས་ཚོད་གཉིས་ཙམ་གྱི་ནང་པེ་རུ་ཐིའི་ལྷོ་འདབས་ས་ཁུལ་དུ་ཉུང་མཐར་ཡང་བར་སྣང་འཇབ་རྒོལ་ཐེངས15བྱས་པ་དང་། བར་སྣང་འཇབ་རྒོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས27ཉིན་གྱི་དགོང་མོར་པེ་རུ་ཐིའི་ལྷོ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་རབ་དང་རིམ་པ་སྤེལ། ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས28ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས27ཉིན་གྱི་དགོང་མོའི་བར་སྣང་འཇབ་རྒོལ་ལས་མི6རྐྱེན་ལམ་དུ་ཤོར་བ་དང་། མི91ལ་རྨས་ཕོག དེའི་ནང་མི14སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས27ཉིན་གྱི་དགོང་མོར་བརྙན་རིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་པུའུ་ལ་གནད་འཁེལ་ཆམ་ཕབ་བཏང་ཟེར། གཞན་ཡང་དབྱི་སི་རལ་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱེད་སའི་དམིགས་འབེན་ནི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།