ཀྲུང་གོའི་ཆུ་བེད་ཆུ་གློག་འཛུགས་སྐྲུན་སྡེ་ཚོགས་ཀུང་ཟིས་འཛུགས་འགན་ཁུར་བའི་ཝུ་ཀན་ཏཱའི་ཁཱ་ལུའུ་མཱ་ཆུ་གློག་ས་ཚིགས་ཀྱི་ལས་གཞིའི་ལེགས་འགྲུབ་བྱུང་ནས་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་དེ་ཚེས26ཉིན་སྤེལ། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་མཛད་སྒོར་ཞུགས་པར་མ་ཟད་ཆུ་གློག་ས་ཚིགས་ཀྱི་ཡོལ་རས་ཕྱེས།
མུའུ་སེ་ཝེ་ནེ་ཡིས་ཀྲུང་གོའི་སྲིད་གཞུང་དང་ཁེ་ལས་ཀྱིས་ཁཱ་ལུའུ་མཱ་ཆུ་གློག་ས་ཚིགས་ཀྱི་དངུལ་གསོག་དང་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལས་གཞི་དེ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་ནི་ཝུ་ཀན་ཏཱ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་། ཝུ་ཀན་ཏཱ་ལ་ཁག་ཁུར་ཐུབ་པའི་གློག་ཤུགས་ཐོབ་པར་ཕན་ཐོགས་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོ་བསྐངས་ཐུབ། ཝུ་ཀན་ཏཱའི་སྲིད་གཞུང་གིས་མུ་མཐུད་དུ་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་ཟེར།
ཝུ་ཀན་ཏཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ལེ་ཀྲུང་བྱ་འགུལ་དེར་ཞུགས་སྐབས་བསྟན་དོན། ཁཱ་ལུའུ་མཱ་ཆུ་གློག་ས་ཚིགས་བེད་སྤྱོད་བྱེད་མགོ་བརྩམས་པ་ནི་ཀྲུང་གོ་དང་ཝུ་ཀན་ཏཱའི་མཛའ་མཐུན་མཉམ་ལས་ལས་བྱུང་བའི་གྲུབ་འབྲས་བཟང་བོ་ཞིག་ཡིན། ཁཱ་ལུའུ་མཱ་ཆུ་གློག་ས་ཚིགས་དེས་ཝུ་ཀན་ཏཱའི་ཁྱིམ་ཚང་མང་བོར་ཁག་ཁུར་ཐུབ་པའི་གློག་ཤུགས་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ཝུ་ཀན་ཏཱའི་ཆེས་གསོན་ཤུགས་ལྡན་པའི་བཟོ་ལས་ཁུལ་ལའང་གློག་འདོན་ཐུབ་པ་དང་། རྒྱལ་ཁབ་ཀྱི་ལྷད་མེད་དཔལ་འབྱོར་ཚུལ་བསྒྱུར་ལ་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་གི་མུ་ཏིག་རྡོག་པོ་དེ་ས་ཁོངས་གློག་ཤུགས་མཁོ་འདོན་གྱི་ལྟེ་གནས་སུ་འགྱུར་བར་རོགས་འདེགས་བྱེད་ཐུབ་ལ། ཝུ་ཀན་ཏཱ་དང་ཐ་ན་ཨ་ཧྥེ་རི་ཁ་གླིང་ཤར་མ་ས་ཁུལ་དུ་རྒྱུན་མཐུད་ཐུབ་པའི་དག་གཙང་ནུས་ཁུངས་འདོན་སྤྲོད་བྱེད་ཐུབ་ཟེར།
ཝུ་ཀན་ཏཱའི་ཙུང་ཐུང་གཞོན་པ་ཨ་ལུའུ་པའོ་དང་། ནུས་ཁུངས་དང་གཏེར་ལས་པུའུ་ཡི་པུའུ་ཀྲང་ནན་ཁཱ་པུས་ལུའུ་ཝ་སོགས་ཝུ་ཀན་ཏཱའི་ཕྱོགས་ཀྱི་ཆབ་སྲིད་མགོ་ཁྲིད་པ་དང་ས་གནས་སྲིད་གཞུང་གི་དཔོན་རིགས། ས་གནས་མང་ཚོགས་བཅས་མི་སྟོང་ཕྲག་འགའ་ཉིན་དེའི་བྱ་འགུལ་ལ་ཞུགས།
ཁཱ་ལུའུ་མཱ་ཆུ་གློག་ས་ཚིགས་དེ་ཝུ་ཀན་ཏཱའི་རྒྱལ་ས་ཁན་ཕཱ་ལཱའི་བྱང་ངོས་ཀྱི་སྤྱི་ལེ270མཚམས་སུ་གནས་པ་དང་། འཕྲུལ་ཆས་སྒྲིག་སྦྱོར་གྱི་སྤྱིའི་ཤོང་ཚད་ཀྲའོ་ཝ་དྲུག་བརྒྱ་ཡིན་ལ། ཝུ་ཀན་ཏཱའི་ཆེས་ཆེ་བའི་ཆུ་གློག་ས་ཚིགས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།