ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕུར་མདའ་དང་མི་མེད་གནམ་གྲུ་གཏོང་འཕེན་བྱས།
2024.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས27ཉིན་བཤད་རྒྱུར། རྩ་འཛུགས་དེས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕུར་མདའ་དང་དཔུང་འཇུག་བྱེད་པའི་མི་མེད་གནམ་གྲུ་ཞིག་གཏོང་འཕེན་བྱས་ཡོད་ཟེར།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་ཆེད། རྩ་འཛུགས་དེས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། དབྱི་སི་རལ་གྱི་དབུས་ཕྱོགས་ཀྱི་ཐི་ལཱ་ཝེ་ཧྥུའུ་ཡི་ཡཱ་ཧྥ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་སྒྲའི་མྱུར་ཚད་ལས་བརྒལ་བའི་འཕུར་མདའ་ཞིག་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་ཨ་ཧྲི་ཁའེ་ལུང་ས་ཁུལ་གྱི་དམིགས་འབེན་གཙོ་བོ་ཞིག་ལ་མི་མེད་གནམ་གྲུ་གཏོང་འཕེན་བྱས་ཡོད་པ་དང་། འཕུར་མདའ་དང་མི་མེད་གནམ་གྲུ་དེ་གཉིས་དམིགས་འབེན་ལ་ཕོག་ཡོད་ཟེར།

སཱ་ལོས་ཡཱ་ཡིས་བསྟན་དོན། རྩ་འཛུགས་དེས་དབྱི་སི་རལ་ལ་དམག་དོན་འགུལ་སྐྱོད་སྔར་ལས་མང་བོ་སྤེལ་རྒྱུ་མ་ཟད། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་གྱི་བཙན་འཛུལ་མཚམས་མ་བཞག་གོང་དུ་དམག་དོན་འགུལ་སྐྱོད་དེ་རིགས་མཚམས་འཇོག་མི་སྲིད་ཟེར།

མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་འགུལ་སྐྱོད་དེ་ཚེས26ཉིན་གྱི་ནམ་གུང་བྱུང་བ་རེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས27ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་ཡེ་མིན་ནས་དབྱི་སི་རལ་གྱི་དབུས་ཕྱོགས་སུ་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་བཀག་པ་དང་། བཀག་པའི་འཕུར་མདའ་དེ་འགས་གཏོར་བྱུང་ནས་ཆག་རོ་སར་ལྷུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།