ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་དམག་གྲུ་གསུམ་ལ་འཇབ་རྒོལ་བྱས།
2024.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་མཚོ་དམར་གྱི་ཨ་མེ་རི་ཁའི་དམག་གྲུ་གསུམ་ལ་འཕུར་མདའ་དང་དཔུང་འཇུག་བྱེད་པར་བཀོལ་བའི་མི་མེད་གནམ་གྲུ་གཏོང་འཕེན་བྱས་ཟེར།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་མཚོ་དམར་མཚོ་ཁོངས་ཀྱི་ཨ་མེ་རི་ཁའི་དམག་གྲུ་གསུམ་ལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། སྐབས་ཐོག་དེར་དམག་གྲུ་དེ་དག་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་པར་བགྲོད་བཞིན་ཡོད་ཟེར། ཐེངས་འདིའི་འགུལ་སྐྱོད་ཁྲོད་འཕུར་མདའ་ཉེར་གསུམ་དང་མི་མེད་གནམ་གྲུ་གཅིག་བེད་སྤྱོད་བྱས་པ་དང་། ཨ་མེ་རི་ཁའི་དམག་གྲུ་གསུམ་ལ་འགུལ་སྐྱོད་སྤེལ་སྐབས་ཐད་ཀར་དུ་གཏོར་བརླག་ཐེབས་ཡོད་ཟེར།

སཱ་ལོས་ཡཱ་ཡིས་བསྟན་དོན། ཐེངས་འདིའི་འགུལ་སྐྱོད་ནི་ན་ནིང་ཟླ11པའི་ཚུན་ལ་ཧུའུ་སེ་དྲག་ཆས་པས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་འཇབ་རྒོལ་ཐེངས་ཤིག་ཡིན་པ་དང་། རྩ་འཛུགས་དེས་ཚེས26ཉིན་གྱི་ནམ་གུང་དབྱི་སི་རལ་གྱི་ཡཱ་ཧྥ་དང་ཨ་ཧྲི་ཁའེ་ལུང་ས་ཁུལ་གཉིས་སུ་འཇབ་རྒོལ་བྱེད་པའི་དུས་མཉམ་དུ་སྤེལ་བ་ཡིན། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་སྔར་ལས་མང་བའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

དེ་ལས་གཞན་ཧུའུ་སེ་དྲག་ཆས་པས་ཚེས27ཉིན་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་སྤེལ་བའི་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གི་མི་མེད་གནམ་གྲུ་ཞིག་གིས་ཡེ་མིན་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་ཐེངས་གཉིས་སྤེལ་ཟེར། གསལ་སྒྲོག་ལས་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་གསལ་སྒྲོག་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།