དབྱི་སི་རལ་གྱི་དམག་ཕྱོགས་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས28ཉིན་སྔ་གཞུག་ཏུ་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར། དེ་ནི་ཉེ་བའི་ལོ་བཅུ་ཙམ་གྱི་རིང་ལ་ཀྲིན་ཀྲུའུ་ཏང་ལ་ཐེབས་པའི་ཆམ་ཕབ་ཆེན་པོ་ཞིག་ཡིན་པ་དང་། དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཧྲའོ་ཧྲ་ནེ་ཡིས་ཉིན་དེར་དྲ་ཐོག་བརྒྱུད་དེ་ནཱ་སི་ལུའུ་ལཱ་ཤི་བ་ཁྱབ་བསྒྲགས་བྱས།
དུས་ཚོད་བཞི་ཙམ་གྱི་རྗེས་སུ། ཀྲིན་ཀྲུའུ་ཏང་གིས་གསལ་སྒྲོག་སྤེལ་ནས་བདེན་དཔང་བྱས་དང་། ནཱ་སི་ལུའུ་ལཱ་ཁོའི་སྔོན་གཤེགས་གྲོགས་པོའི་གྲས་སུ་ཞུགས་སོང་ཡང་། མུ་མཐུད་དུ་དགྲ་བོར་ཆམ་ཕབ་བཏང་སྟེ་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བཞག
དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ནཱ་སི་ལུའུ་ལཱ་ནི་ཀྲིན་ཀྲུའུ་ཏང་གི་ཐབས་ཇུས་སྲོག་ཤིང་དང་འཐབ་ཇུས་མགོ་ཁྲིད་པ་ཡིན། ཡང་དག་པའི་གསང་འཕྲིན་ལ་བརྟེན་ནས་དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས27ཉིན་པེ་རུ་ཐིའི་ལྷོ་འདབས་ཀྱི་ཐོག་ཁང་ཞིག་གི་འོག་ཏུ་ཡོད་པའི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་པུའུ་ལ་གནད་འཁེལ་ཆམ་ཕབ་བཏང་། མཉམ་དུ་བསད་པ་ལ་ད་རུང་ཀྲིན་ཀྲུའུ་ཏང་གི་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་བཀོད་འདོམ་དཔོན་པོ་ཨ་ལི་ཁཱ་ཨར་ཅི་སོགས་ཡོད་ཟེར།
དོན་རྐྱེན་བྱུང་རྗེས་ཡུལ་དངོས་སུ་ཡོང་མཁན་གྱི་གསར་འགོད་པས་བཤད་རྒྱུར། འཇབ་རྒོལ་ཐེབས་ས་དེ་འགས་གཏོར་དབང་གིས་བདེ་སྙོམས་སུ་བཏང་ཡོད་པ་དང་། གྱོ་མོ་ཆག་རོ་སོགས་ཀྱིས་གང་སར་ཁེངས་ཡོད་ལ། དུད་ནག་འཕྱུར་བཞིན་ཡོད། རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་བྱ་བ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།