ཁུ་པཱ་གུང་ཁྲན་ཏང་དང་ཁུ་པཱའི་སྲིད་གཞུང་གིས་ཚེས27ཉིན་རྒྱལ་ས་ཧཱ་ཝ་ནཱའི་གསར་བརྗེའི་ཕོ་བྲང་ནས་འདུ་ཚོགས་གཟབ་རྒྱས་སྤེལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་དང་ཁུ་པཱ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སོ། ཁུ་པཱའི་ཙུང་ལི་མཱ་ལོས་ལོ་སོགས་ཏང་སྲིད་ཀྱི་མགོ་ཁྲིད་པ་དང་། ཁུ་པཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྭ་ཞིན། ཁུ་པཱ་རུ་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་པ་དང་ལས་རིགས་སོ་སོའི་མཛའ་མཐུན་གྲོགས་པོ་སོགས་མི200ཙམ་བྱ་འགུལ་ལ་ཞུགས།
མཱ་ལོས་ལོ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་རྒྱུས་ཀྱི་འཕེལ་རིམ་བསྒྱུར་བ་དང་། ཁོས་ཁུ་པཱ་ནི་གོ་ལའི་ཕྱེད་གླིང་ནུབ་མ་དང་ལཱ་ཏེན་མེ་གླིང་གི་ཐོག་དང་པོར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཏུ་གྱུར་བར་རློམ་སེམས་ཆེན་པོ་སྐྱེས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཁུ་པཱ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཧྭ་ཞིན་གྱིས་ཞུ་ཚིག་འབུལ་སྐབས་ཁུ་པཱའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་དམིགས་བསལ་གྱི་མཛའ་མཐུན་བཀོད་སྒྲིག་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་རིང་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཁུ་པཱ་དང་མཉམ་དུ། བློ་བརྟན་འགྱུར་མེད་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ངོས་ཟིན་དངོས་འབེབས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་མ་ཟད། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱི་ཁྱབ་ཁོངས་ནང་ཁུ་པཱ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཟེར།
བྱ་འགུལ་སྟེང་ཁུ་པཱ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་ཁུ་པཱ་དང་ཀྲུང་གོའི་འབྲེལ་བའི་བརྙན་རིས་བསྟན་ནས། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་ཉེ་བའི་ལོ་འགའི་རིང་ཀྲུང་གོས་བླངས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་དང་། ཁུ་པཱ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་མངོན་པར་བྱས། ཁུ་པཱ་རྒྱལ་ཁབ་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ཀྱིས་བྱ་འགུལ་སྤེལ་སའི་ཡུལ་དངོས་ནས་ཐད་གཏོང་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།