དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་སྲིད་གཞུང་དང་ཨ་མེ་རི་ཁས་གྲོས་མཐུན་བཀོད་དེ། མ་འོངས་པའི་ཟླ་ངོ12ཉིན་ཨ་མེ་རི་ཁས་གཙོ་ཁྲིད་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་དབྱི་རག་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་དམག་དོན་ལས་འགན་མཇུག་སྒྲིལ་དགོས་པ་དང་། ཆེས་འགོར་ན་ཡང2025ལོའི་ཟླ9བའི་ཟླ་མཇུག་གི་སྔོན་ལ་མཇུག་སྒྲིལ་རྒྱུ་ཡིན་ཟེར།
དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་དང་རྒྱལ་སྤྱིའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་བདེ་འཇགས་འབྲེལ་བའི་ཕྱོགས་སུ་བར་བརྒལ་བྱས་ཏེ། དབྱི་རག་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་གནོན་ཤུགས་སྟེར་བ་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཟོས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་དེ་སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་འདས་ལོག་བྱེད་པར་སྔོན་འགོག་བྱེད་ཆེད། དོན་དངོས་གནས་ཚུལ་དང་དབྱི་རག་དང་ཨ་མེ་རི་ཁ། རྒྱལ་སྤྱིའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་གྱི་གྲོས་མོལ་བཅས་གཞིར་བཟུང་སྟེ། རྒྱལ་སྤྱིའི་མནའ་འབྲེལ་གྱི་སི་རི་ཡཱའི་དམག་དོན་འགུལ་སྐྱོད་དེ2026ལོའི་ཟླ9བའི་བར་རྒྱུན་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཀྱིས་གྲུབ་པའི་དབྱི་རག་དང་ཨ་མེ་རི་ཁའི་མཐོ་རིམ་དམག་དོན་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཀྱི་དམིགས་འབེན་དངོས་འབེབས་བྱེད་པའི་ལས་རིམ་དང་དུས་ཚོད་རེའུ་མིག རྐྱེན་སྲོལ་བཅས་གཏན་འབེབས་བྱེད་རྒྱུ་མ་ཟད། བར་བརྒལ་དུས་སྐབས་སུ་དབྱི་རག་ཏུ་སྡོད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བློ་འདོན་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།