ནེ་པཱ་ལཱའི་སྲིད་གཞུང་གིས་ཚེས29ཉིན་བཤད་རྒྱུར། ཉིན་དེའི་དགོང་མོའི་བར་དུ། རྒྱལ་ཁབ་དེར་བསྟུད་མར་ཆར་བ་དྲག་པོ་བབས་པ་ལས་བྱུང་བའི་ཆུ་ལོག་དང་རི་ཉིལ་བ་སོགས་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས170ལ་བསླེབས་ཡོད་ཟེར།
ནེ་པཱ་ལཱའི་ནང་སྲིད་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། གནོད་འཚེ་དེ་ལས་ད་རུང་མི111ལ་རྨས་ཕོག་པ་དང་། མི42གར་སོང་རྙེད་མེད། ནེ་པཱ་ལཱའི་རྨང་གཞིའི་སྒྲིག་ཆས་དང་འགྲིམ་འགྲུལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ནེ་པཱ་ལཱའི་རྒྱལ་ཡོངས་རང་བཞིན་གྱི་གཞུང་ལམ80ཁྲོད་གཞུང་ལམ47ལ་གཏོར་བརླག་ཐེབས་ཡོད་ཟེར། ནེ་པཱ་ལཱའི་ནུས་ཁུངས་དང་ཆུའི་ཐོན་ཁུངས་དང་ཆུ་གཏོང་པུའུ་ཡི་དཔོན་རིགས་ཀྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས27དང་ཚེས28ཉིན་ལ་བསྟུད་མར་ཆར་བ་དྲག་པོ་བབས་པ་ལས་བྱུང་བའི་གནོད་འཚེ་ལས་ཆུ་གློག་ས་ཚིགས་དང་ཆུ་གཏོང་སྒྲིག་ཆས་ལ་གྱོད་གུད་ཚབས་ཆེན་བཟོས་ཡོད་ལ། གྱོང་གུད་ལ་ཚོད་དཔག་རགས་ཙམ་བྱས་ན་མེ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་དྲུག་ལ་བསླེབས་ཡོད། དཔོན་པོ་དེས་བསྟན་དོན། ཆུ་ལོག་ལས་ལས་གཉེར་བྱེད་བཞིན་པའི་ཆུ་གློག་ས་ཚིགས11ལ་གཏོར་བརླག་ཐེབས་པ་དང་། ཞོར་དུ་ཆུ་གློག་ས་ཚིགས་གཞན་པའི་སྒོ་མི་བརྒྱག་ཐབས་མེད་བྱུང་ཡོད། གནོད་འཚེ་དེ་ལས་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་གློག་ས་ཚིགས15ལ་གཏོར་བརླག་ཐེབས། ཆུ་གློག་ས་ཚིགས་དང་གློག་འདྲེན་སྐུད་པར་གཏོར་བརླག་ཐེབས་པས། ནེ་པཱ་ལཱའི་ས་ཁུལ་མང་བོར་གློག་ཆད་ཡོད་ཟེར།
ནེ་པཱ་ལཱའི་ད་ལོའི་ཆར་ལྡན་དུས་ཚིགས་དེ་ཟླ6པ་ནས་མགོ་བརྩམས་པ་དང་། མིག་སྔར་མཇུག་སྒྲིལ་ལ་ཉེ། ད་ལོའི་ཆར་ལྡན་དུས་ཚིགས་ཀྱི་ཆར་ཆུའི་འབབ་ཚད་དེ་སྔོན་ཆད་ལས་མཐོ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།