དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་བརྒྱ་དང་ཉི་ཤུ་ཙམ་ལ་བར་སྣང་འཇབ་རྒོལ་བྱས།
2024.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་གཞི་རྒྱ་ཆེ་བའི་འཇབ་རྒོལ་འགུལ་སྐྱོད་སྤེལ་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན120ཙམ་ལ་འཇབ་རྒོལ་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་གསང་འཕྲིན་ལྟར་ལེ་པཱ་ནུན་ལྷོ་ཕྱོགས་སོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་། ཆམ་ཕབ་བཏང་བའི་དམིགས་འབེན་ལ་ཀྲིན་ཀྲུའུ་ཏང་གི་དམག་དཔུང་གི་རྟེན་གཞི་གཙོ་བོ་འགའ་དང་། དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་འགུལ་སྐྱོད་འཆར་འགོད་དང་ལག་བསྟར་བྱེད་སའི་རྨང་གཞིའི་སྒྲིག་ཆས་སོགས་འདུས། ཐེངས་འདིའི་འཇབ་རྒོལ་ལས་ཀྲིན་ཀྲུའུ་ཏང་གི་འཐབ་འཛིང་ནུས་པར་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར།

ཉིན་དེའི་ཞོགས་པར། ལེ་པཱ་ནུན་གྱི་དམག་དཔུང་གི་གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ལེ་པཱ་ནུན་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་གྲོང་རྡལ་བཅུ་ཕྲག་འགར་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། མི18རྐྱེན་ལམ་དུ་ཤོར་བ་དང་མི30ལ་རྨས་ཕོག་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།