ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས29ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་གྱི་དམག་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། མིག་སྔའི་མཚོ་ཐོག་གི་ཆམ་ཕབ་སྟོབས་ཤུགས་ཟུང་འཛིན་བྱས་ཏེ་བར་སྣང་གི་ཆམ་ཕབ་གཏོང་བའི་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ནས། དབྱི་ལིང་སོགས་ཀྱིས་ཨ་མེ་རི་ཁར་དམིགས་པའི་འཇབ་རྒོལ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཕཱ་ཐི་ལི་ཁི་ལའེ་ཏི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་གྱིས་བསྟུད་མར་དབུས་ཤར་ས་ཁུལ་གྱི་གནས་བབ་དང་འབྲེལ་བའི་སྙན་ཞུར་ཉན་པ་དང་། དེར་གཞིགས་ནས་ཨ་མེ་རི་ཁའི་དམག་དཔུང་གི་ས་དེའི་བཀོད་སྒྲིག་ལེགས་སྒྲིག་བྱེད་བཞིན་ཡོད། ཨ་མེ་རི་ཁའི་འབྲེལ་ཡོད་ཀྱི་བྱེད་ཐབས་དེའི་དམིགས་ཡུལ་ནི་ས་ཁུལ་དེའི་ཨ་མེ་རི་ཁའི་སྤྱི་དམངས་དང་དམག་དཔུང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དབྱི་སི་རལ་ལ་འགེབས་སྲུང་བྱེད་པ། ཟིལ་ཤུགས་དང་ཕྱི་འབྲེལ་གྱི་ཐབས་གཉིས་ལ་བརྟེན་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པ་དེ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་དང་དེའི་གྲོགས་པོ་སོགས་ཀྱིས་མིག་སྔའི་ཛ་དྲག་གི་གནས་བབ་བེད་སྤྱད་དེ་དབུས་ཤར་ས་ཁུལ་གྱི་ཨ་མེ་རི་ཁའི་དམག་མིར་འཇབ་རྒོལ་དང་། ཨ་མེ་རི་ཁའི་ཁེ་ཕན་ལ་གནོད་སྐྱེལ་བ། འཁྲུག་རྩོད་རྒྱ་བསྐྱེད་པ་བཅས་ལ་སྔོན་འགོག་བྱེད་ཆེད། ཨོ་སི་ཏེན་གྱིས་བཀའ་རྒྱ་བཏང་སྟེ། ཟླ་བརྒྱད་པར་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་ཨ་མེ་རི་ཁའི་མཚོ་དམག་གི་ཡཱ་པའོ་ལཱ་ཧན་ལིན་ཁུན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དེ་མུ་མཐུད་དུ་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་ཁོངས་སུ་བསྡད་ཡོད། ཟླ་དྲུག་པར་ས་དཀྱིལ་མཚོ་ཁོངས་སུ་ཡོང་བའི་ཨ་མེ་རི་ཁའི་མཚོ་དམག་གི་སྦྲང་སེར་རྟགས་ཅན་གྱི་སྐམ་ཆུ་གཉིས་བཀོལ་གྱི་དཔུང་འཇུག་གྲུ་གཟིངས་དང་མཚོ་དམག་གི་སྐམ་འཐབ་དམག་དཔུང་གི་རྒྱང་བསྐྱོད་དམག་དཔུང་ཉེར་བཞི་བ་མུ་མཐུད་དུ་འབྲེལ་ཡོད་ཀྱི་མཚོ་ཁོངས་སུ་བསྡད་ཡོད། དེའི་ཞོར་དུ F-22དངF-16སོགས་རྟགས་མི་འདྲ་བའི་འཐབ་འཛིང་གནམ་གྲུའི་རུ་འབྲིང་གིས་གོང་གི་མཚོ་ཐོག་ཆམ་ཕབ་གཏོང་བའི་སྟོབས་ཤུགས་དེ་གཉིས་ལ་བར་སྣང་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད། མ་འོངས་པའི་ཉིན་འགའི་ནང་། ཨ་མེ་རི་ཁས་སྔར་ལས་ལྷག་པའི་སྒོ་ནས་འགོག་སྲུང་རང་བཞིན་གྱི་བར་སྣང་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་རེད།
གསལ་སྒྲོག་ལས་བཤད་རྒྱུར། ཨོ་སི་ཏེན་གྱིས་ད་རུང་བཀའ་རྒྱ་བཏང་སྟེ་ཨ་མེ་རི་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་དུ་དམག་ཤུགས་བཀོད་སྒྲིག་བྱེད་པར་གྲ་སྒྲིག་བྱེད་པ་དང་། ཐོལ་བྱུང་བའི་གནས་ཚུལ་གང་རུང་ཐད་ཀྱི་དོགས་ཟོན་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།