ཨོ་སི་ཁྲུ་རི་ཡཱ་ཡིས་ཚེས29ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། ཨོ་སི་ཁྲུ་རི་ཡཱའི་སྨྱན་བྱད་ཀྱིས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱས་པའི་ཐོག་མའི་དཔྱད་འཇོག་མཇུག་འབྲས་ལྟར་ན། གཡས་ཕྱོགས་སྲིད་ཏང་ཨོ་སི་ཁྲུ་རི་ཡཱའི་རང་དབང་ཏང་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད།
ཨོ་སི་ཁྲུ་རི་ཡཱའི་འཕྲིན་གཏོང་ཁང་དང་ཨོ་སི་ཁྲུ་རི་ཡཱའི་རྒྱང་སྒྲོག་ཀུང་ཡིས་འདེམ་ཤོག་འཕེན་མཚམས་བཞག་རྗེས་འདེམ་ཤོག་གི་གཞི་གྲངས་སྐོར་ཞིག་ལ་ཐོག་མའི་དཔྱད་འཇོག་བྱས་པ་རེད། ཐོག་མའི་དཔྱད་འཇོག་གི་མཇུག་འབྲས་ལྟར་ན། ཨོ་སི་ཁྲུ་རི་ཡཱའི་རང་དབང་ཏང་ལ་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་གཅིག་གི་འདེམ་ཤོག་ཐོབ་ཡོད་པ་དང་། ད་ལྟའི་ཙུང་ལི་ནེ་ཧཱ་མའོ་ཡིས་མགོ་ཁྲིད་པའི་མི་དམངས་ཏང་ཨང་གཉིས་པ་ཡིན་ལ། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་གཉིས་རེད། སྲོལ་རྒྱུན་ཏང་ཁག་ཆེན་མོ་སྤྱི་ཚོགས་དམངས་གཙོ་ཏང་ལ་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བཞིའི་འདེམ་ཤོག་ཐོབ་ཡོད་ལ། ཨོ་སི་ཁྲི་རི་ཡཱ་གསར་བའི་ཏང་ལ་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བརྒྱད་ཀྱི་འདེམ་ཤོག་ཐོབ་ཡོད་པ་དང་། ད་ལྟ་མི་དམངས་ཏང་དང་མཉམ་དུ་སྲིད་འཛིན་པའི་ལྗང་མདོག་ཏང་ལ་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དྲུག་གི་འདེམ་ཤོག་ཐོབ་ཡོད།
ཉིན་དེའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་དྲུག་ནས་མགོ་བརྩམས་པ་དང་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ། ཨོ་སི་ཁྲུ་རི་ཡཱའི་འདེམ་དམངས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་ལྔ་ཙམ་གྱིས་འདེམ་ཤོག་འཕངས་ནས་རྒྱལ་དམངས་གྲོས་ཁང་གི་ལས་གནས་བརྒྱ་དང་གྱ་གསུམ་ཏང་ཁག་གང་ལ་དབང་བ་ཐག་གཅོད་བྱེད་རྒྱུ་རེད། ཚོད་དཔག་བྱས་ན་ཉིན་དེའི་དགོང་མོར་ཐོག་མའི་འདེམ་ཤོག་རྩིས་ལེན་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཆེས་མཇུག་མཐའི་དཔོན་ཕྱོགས་ཀྱི་རྩིས་ལེན་མཇུག་འབྲས་དེ་ཟླ་བཅུ་བའི་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད། འདེམ་བསྐོ་བྱས་རྗེས་གྲོས་ཁང་དུ་ཚུད་པའི་སྲིད་ཏང་གིས་གྲོས་མོལ་བྱས་ཏེ་སྐབས་གསར་བའི་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།