ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ཡེ་མིན་ནུབ་ཕྱོགས་ཀྱི་ཧི་ཐེ་ཏཱ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་པ་ལས། ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར་བ་དང་། མི49ལ་རྨས་ཕོག
ས་དེའི་འཕྲོད་བསྟེན་སྡེ་ཁག་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཧི་ཐེ་ཏཱ་ཞིང་ཆེན་གྱི་ཧི་ཐེ་ཏཱ་གྲུ་ཁ་དང་ལཱ་སི་དབྱེ་སཱ་གྲུ་ཁ། གློག་འདོན་ས་ཚིགས་གཉིས་བཅས་ལ་བསྟུད་མར་བར་སྣང་འཇབ་རྒོལ་བྱས་ཏེ། གྲུ་ཁའི་བཟོ་བ་གཅིག་དང་གློག་འདོན་ས་ཚིགས་ཀྱི་བཟོ་སྐྲུན་པ་གསུམ་བཅས་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།
ཧི་ཐེ་ཏཱ་གྲོང་ཁྱེར་གྱི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་ཧི་ཐེ་ཏཱ་གྲུ་ཁའི་ས་ཁོངས་གཙོ་བོར་ཐེངས་མང་བོར་འགས་གཏོར་བཏང་སྟེ། སྣུམ་སྣོད་དང་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་བ་དང་། འགས་གཏོར་གྱི་སྒྲ་གྲོང་ཁྱེར་ཧྲིལ་བོར་གྲགས་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། འཐབ་འཛིང་གནམ་གྲུ་དང་སྣུམ་སྣོན་གནམ་གྲུ། མྱུལ་ཞིབ་གནམ་གྲུ་བཅས་འདུས་པའི་གནམ་གྲུ་བཅུ་ཕྲག་ལྷག་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཡེ་མིན་གྱི་ཧེ་ཐེ་ཏཱ་གྲུ་ཁ་དང་ལཱ་སི་དབྱེ་སཱ་གྲུ་ཁ། དེ་མིན་ཉེ་འདབས་ཀྱི་ས་ཁོངས་སུ་ཡོད་པའི་གློག་འདོན་ས་ཚིགས་བཅས་ལ་འཇབ་རྒོལ་བྱས་ཡོད་ལ། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་ཧུའུ་སེ་དྲག་ཆས་པས་ཉེ་བའི་ཉིན་འགའི་རིང་ལ་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་འཁོན་ལན་སློག་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།