ཨ་ཧྥུའུ་ཧན་གྱིས་ཕྱི་རྒྱལ་གྱི་གནས་སྐོར་བར་འཇབ་རྒོལ་བྱས་པའི་འཇིགས་སྐུལ་ཉེས་ཅན་འཛིན་བཟུང་བྱས།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཟླ9བའི་ཚེས30ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་དམིགས་བསལ་དམག་དཔུང་གིས་ཟླ་ལྔ་བར་ཨ་ཧྥུའུ་ཧན་དབུས་ཕྱོགས་ཀྱི་པཱ་མུས་དབྱང་ཞིང་ཆེན་ནས་ཕྱི་རྒྱལ་གྱི་གནས་སྐོར་བར་འཇབ་རྒོལ་བྱས་པའི་འཇིགས་སྐུལ་ཉེས་ཅན་འཛིན་བཟུང་བྱས་ཡོད་ཟེར།

མུའུ་ཅཱ་ཞེ་ཏི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་ཧྥུའུ་ཧན་གྱི་དམིགས་བསལ་དམག་དཔུང་ལ་རྒྱལ་ས་ཁཱ་པོར་ཉེ་འདབས་ས་ཁུལ་དང་འདབས་འབྲེལ་དུ་ཡོད་པའི་ནན་ཀི་ཧཱ་ཨར་ཞིང་ཆེན་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཁཱ་པོར་སྲིད་གཞུང་གི་མི་སྣ་དང་པཱ་མུས་དབྱང་ཞིང་ཆེན་ནས་ཕྱི་རྒྱལ་གྱི་གནས་སྐོར་བར་འཇབ་རྒོལ་བྱས་པའི་འཇིགས་སྐུལ་ཉེས་ཅན་འཛིན་བཟུང་བྱས་པ་དང་། ཁོ་ཚོ་སྦས་སྐོང་བྱེད་ས་ནས་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར།

མུའུ་ཅཱ་ཞེ་ཏི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་དེའི་རྗེས་སུ་ཁཱ་པོར་དང་ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཧྥ་ལི་ཡཱ་པུའུ་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་ནས། མི་གཉིས་བསད་པ་དང་མི་འགའ་བཀག་སྐྱིལ་བྱས་ཟེར།

མུའུ་ཅཱ་ཞེ་ཏི་ཡིས་བཤད་རྒྱུར། མི་དེ་དག་ནི་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་པའི་ཕཱ་ཁི་སི་ཐན་གྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་ཨ་ཧྥུའུ་ཧན་དུ་ཡོང་བ་རེད་ཟེར།

ད་ལོའི་ཟླ5བར། ཨ་ཧྥུའུ་ཧན་གྱི་པཱ་མུས་དབྱང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པཱ་མུས་དབྱང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཕྱི་རྒྱལ་གྱི་གནས་སྐོར་བ་མང་བོར་ཤི་རྨས་ཐེབས།


བསོད་ནམས་ཚེ་རིང་གིས་བསྒྱུར།