ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཟླ9བའི་ཚེས30ཉིན་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་འཇབ་རྒོལ་རབ་དང་རིམ་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཀའེ་ཐི་ཡིས་ལེ་པཱ་ནུན་གྱི་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་ཆམ་ཕབ་བཏང་བ་དང་ཁྱད་པར་དུ་ལེ་པཱ་ནུན་གྱི་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་སྟེ། འཇབ་རྒོལ་དོན་རྐྱེན་དེ་དག་ལས་མི་བརྒྱ་ཕྲག་མང་བོ་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་གཅིག་ཙམ་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་འགུལ་སྐྱོད་དེས་ལེ་པཱ་ནུན་གྱི་བདག་དབང་ལ་གནོད་སྐྱེལ་ཡོད་པས། འཁྲུག་རྩོད་དེ་སྔར་ལས་རྒྱ་ཡན་དུ་འགྲོ་སྲིད་ཟེར།

ཀའེ་ཐི་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་མི་དམངས་ཀྱིས་འདས་པའི་ལོ་འགའི་ནང་དཀའ་སྡུག་མང་བོ་མྱངས་ཡོད། ད་ལྟ་ཁོ་ཚོ་སྔོན་ཆད་ཀྱི་དུས་གང་ལས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མཁོ་བའི་ཉེན་ཁའི་དུས་རིམ་དུ་གནས་ཡོད་ཟེར། ཁོས་ལེ་པཱ་ནུན་མི་དམངས་ལ་རྒྱལ་ཁབ་རང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།