དབྱི་སི་རལ་གྱི་དམག་དཔུང་གིས་བྱང་ཕྱོགས་ཀྱི་ལེ་པཱ་ནུན་དང་འབྲེལ་བའི་ས་མཚམས་སུ་དམག་དོན་གཏན་འགོག་ས་ཁུལ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ9བའི་ཚེས30ཉིན་གྱི་དགོང་མོར་དབྱི་སི་རལ་བྱང་ཕྱོགས་ཀྱི་ལེ་པཱ་ནུན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་དམག་དོན་གཏན་འགོག་ས་ཁུལ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། གནས་བབ་ལ་དཔྱད་འཇོག་བྱས་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་བྱང་ཕྱོགས་ཀྱི་ལེ་པཱ་ནུན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་གྱི་མཱེ་ཐུའུ་ལཱ་དང་མུས་སི་ཅཱ་ཧྥུའུ་ཨ་མུའུ། ཅི་ལ་ཏིས་སྡེ་བ་སོགས་སུ་དམག་དོན་གཏན་འགོག་ས་ཁུལ་འཛུགས་རྒྱུ་དང་། ས་ཁུལ་དེ་དག་ཏུ་འགྲོ་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར།

ལེ་པཱ་ནུན་དང་དབྱི་སི་རལ་གྱི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་ཚད་བཀག་ཡོད་པའི་ས་ངོས་དམག་དོན་འགུལ་སྐྱོད་སྤེལ་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཉིན་དེར་དབྱི་སི་རལ་གྱི་མི་རྣམས་ཀྱིས་དམག་དོན་འགུལ་སྐྱོད་དང་འབྲེལ་བའི་གནས་ཚུལ་བསྒྲགས་མི་རུང་བའི་འབོད་སྐུལ་བཏང་། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས30ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། བདེ་འཇགས་ནེ་ཀིས་ཉིན་དེར་དབྱི་སི་རལ་གྱི་ལེ་པཱ་ནུན་གྱི་དུས་རིམ་རྗེས་མའི་འགུལ་སྐྱོད་ལ་ཆོག་མཆན་བཀོད་ཡོད་ཟེར།

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས30ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཅི་ཡཱ་མུའུ་དང་ཅི་ལཱ་སྡེ་བ། ཏའེ་ཨར་སེ་ལི་ཨན་བཅས་མཐའ་མཚམས་ཀྱི་གྲོང་སྡེ་གསུམ་ལ་འཇབ་རྒོལ་དྲག་པོ་བྱས། དེ་ལས་གཞན་དབྱི་སི་རལ་གྱིས་ད་རུང་ཐིས་ཨར་དང་མེད་ཨར་ཅེ་ཡུན་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས། གཞན་ཡང་ལེ་པཱ་ནུན་གྱི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས30ཉིན་སྒྱོགས་མདེལ་ཆེན་མོ་བཀོལ་ནས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་མཁར་གྲོང་ཉེར་བཞིར་འཇབ་རྒོལ་བྱས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།