སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་བགྲོ་གླེང་ཚོགས་འདུ་དེ་ཟླ9བའི་ཚེས30ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲོལ།
སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་དབྱང་གིས་མཇུག་སྒྲིལ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འདས་པའི་ཉིན་འགའི་ནང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། གནས་བབ་དེ་ལས་དབུས་ཤར་ས་ཁུལ་ཧྲིལ་བོར་འཐབ་འཁྲུག་སློང་ཉེན་ཡོད་ཟེར། ཁོས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བཅས་འདུས་པའི་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། མྱུར་མོར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་ཀྱིས་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོས་མྱུར་མོར་འཁྲུག་རྩོད་མཚམས་བཞག་ནས་གྲོས་མོལ་བྱེད་དགོས་པའི་རེ་བ་འདོན་དགོས་པར་མ་ཟད། ས་ཁུལ་དེར་མཚོན་ཆ་འདོན་སྤྲོད་བྱེད་པའི་རྒྱལ་ཁབ་ཚང་མས་འགུལ་སྐྱོད་དེ་རིགས་མྱུར་མོར་མཚམས་བཞག་སྟེ་ཞི་བདེ་ལ་གོ་སྐབས་ཤིག་སྩོལ་དགོས་པའི་འབོད་སྐུལ་བཏང་།
ཧྥེ་ལེ་མིན་དབྱང་གིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་རྒྱལ་ཁབ190དང་ལྟ་ཞིབ་པའི་འཐུས་མི་གསུམ་བཅས་ཀྱིས་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད། དེའི་ནང་རྒྱལ་ཁབ་ཀྱི་གཙོ་འཛིན71དང་སྲིད་གཞུང་གི་མགོ་གཙོ42ཡོད་ཀྱང་། བརྒྱ་ཆའི་བཅུའི་གཏམ་བཤད་མཁན་ནི་བུད་མེད་རེད། མངོན་གསལ་གྱི་བར་ཁྱད་དེ་ནི་དང་ལེན་བྱེད་ཐབས་མེད་ཅིང་ཀུན་ལ་རེ་ཐག་ཆད་དུ་བཅུག་ཡོད། ཕོ་མོ་འདྲ་མཉམ་དེ་ནི་སྔར་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་རིམ་གྱི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕོ་མོ་འདྲ་མཉམ་ཐད་བྱ་བ་སྔར་ལས་བཟང་བོ་བསྒྲུབ་དགོས་ཟེར།
སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱི་བཏང་གི་བགྲོ་གླེང་ཚོགས་འདུ་དེ་ཟླ9བའི་ཚེས24ཉིན་ཚོགས་མགོ་བརྩམས་པ་དང་། བརྗོད་སྙིང་ནི་མི་སུ་ཡིན་ཡང་རྗེས་སུ་ལུས་མི་འཇུག་པ་སྟེ་ལག་རྡང་སྦྲེལ་ནས་མཉམ་བསྐྱོད་དང་། ཞི་བདེ་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས། མིའི་རིགས་ཀྱི་ལ་རྒྱ་བཅས་ལ་སྐུལ་འདེད་བཏང་སྟེ། དེང་གི་དུས་དང་ཕྱི་རབས་པར་བདེ་སྐྱིད་བསྐྲུན་དགོས་ཞེས་པ་དེ་རེད། ཚེས22ཉིན་ནས་ཚེས23ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་འོངས་པའི་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། མ་འོངས་པའི་སྤྱི་ཆིངས་དང་དེའི་ཟུར་གཏོགས་ཀྱི་འཛམ་གླིང་ཡོངས་ཀྱི་གཞི་གྲངས་སྤྱི་ཆིངས་དང་བུ་རབས་ཚ་རྒྱུད་ཀྱི་བསྒྲགས་གཏམ་ཞེས་པར་ཆོག་མཆན་བཀོད། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་བཅོས་བསྒྱུར་བྱེད་པ་དང་ཕྱོགས་མང་རིང་ལུགས་དར་སྤེལ་བྱས་ཏེ། དུས་རབས་གསར་བའི་མདུན་དུ་ལྷགས་པའི་འགྲན་རྩོད་མང་བོ་ཐག་གཅོད་བྱེད་ཆེད་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་བགྲོ་གླེང་ཚོགས་འདུའི་སྐབས་སུ། ད་རུང་མཚོའི་ངོས་ཐིག་ཇེ་མཐོར་འགྲོ་བའི་མཐོ་རིམ་གྲོས་ཚོགས་དང་སྐྱེ་དངོས་ཕྲ་མོའི་སྨན་རྫས་འགོག་ནུས་ཀྱི་མཐོ་རིམ་གྲོས་ཚོགས། ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་རྒྱལ་སྤྱིའི་ཉིན་མོའི་མཐོ་རིམ་གྲོས་ཚོགས་སོགས་བསྡུས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག རྩད་ཞིབ་བཅས་བྱེད་པའི་ལས་ཁུངས་གཙོ་བོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གྲུབ་པ་དང་། ཚོགས་ཆེན་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་བགོས་ཡོད་པ་དང་། དུས་རིམ་སྔ་མ་ནི་སྤྱིར་བཏང་གི་བགྲོ་གླེང་དུས་རིམ་དང་། དུས་རིམ་ཕྱི་མ་ནི་གྲོས་གཞིའི་ནང་བཞག་པའི་གྲོས་གཞི་སྣ་ཚོགས་ལ་གྲོས་བསྡུར་དང་གྲོས་ཞིབ་བྱེད་པའི་དུས་རིམ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།