ཅོར་ཏན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཟླ9བའི་ཚེས30ཉིན་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ལ་ཁ་པར་བཏང་སྟེ། ཅོར་ཏན་གྱིས་བློ་བརྟན་འགྱུར་མེད་སྒོས་ལེ་པཱ་ནུན་གྱི་བདེ་འཇགས་དང་གཏན་འཇགས། བདག་དབང་། ལེ་པཱ་ནུན་གྱི་སྤྱི་དམངས་བདེ་འཇགས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་བཙན་འཛུལ་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་པ་བསྐྱར་སྒྲོག་བྱས།

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། སཱ་ཧྥ་ཏིས་ཀྱིས་མུས་ཁཱ་ཐིས་ལ་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པའི་མཛུབ་སྟོན་བརྒྱུད་སྒྲོག་བྱས་པ་དང་། ཅོར་ཏན་གྱིས་ལེ་པཱ་ནུན་ལ་གང་ནུས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ནས་འཐབ་འཁྲུག་ལས་བྱུང་བའི་མཇུག་འབྲས་ཐག་གཅོད་བྱས་ཏེ། ལེ་པཱ་ནུན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་ཐད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

སཱ་ཧྥ་ཏིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་བ་དང་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ནན་གྱིས་སྟན་དོན། ངེས་པར་དུ་རྒྱལ་སྤྱིའི་ནུས་པར་བརྟེན་ནས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་། ཐོག་མར་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་མཚམས་འཇོག་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཅོར་ཏན་གྱིས་ལེ་པཱ་ནུན་ལ་རོགས་སྐྱོར་དངོས་རྫས་གནམ་གྲུ་གཉིས་བསྐྱལ་བ་དང་། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱི་རོགས་སྐྱོར་དངོས་རྫས་འདོན་སྤྲོད་བྱས་ནས་ལེ་པཱ་ནུན་དང་དེའི་མི་དམངས་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་སཱ་ཧྥ་ཏིས་ཀྱིས་ད་རུང་སོ་སོར་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨེ་ཏི་དང་སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཨར་ཝ་ལོས་སི་གཉིས་ལ་ཁ་པར་བཏང་སྟེ། ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བའི་ཚབས་ཆེན་རང་བཞིན་ལ་གྲོས་བསྡུར་བྱས། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།