ཞིན་པའོ་མུའུ་ཡིས་དམ་བཅའ་བཞག་སྟེ་མའོ་ཞི་ཁོའི་ཙུང་ཐུང་གི་འགན་ཁུར།
2024.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

མའོ་ཞི་ཁོའི་གསར་དུ་བདམས་པའི་ཙུང་ཐུང་ཞིན་པའོ་མུའུ་ཡིས་ཟླ10བའི་ཚེས1ཉིན་རྒྱལ་ས་མའོ་ཞི་ཁོ་མཁར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། མའོ་ཞི་ཁོའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར།

ཙུང་ཐུང་གི་དབང་ཆ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཉིན་དེའི་སྔ་དྲོར་མའོ་ཞི་ཁོའི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་ནས་སྤེལ། ཞིན་པའོ་མུའུ་ཡིས་སྔོན་ཆད་ཀྱི་ཙུང་ཐུང་ལོ་ཕའེ་སི་ཡི་ལག་ནས་དབང་ཆ་མཚོན་པའི་སྐ་རགས་བླངས་པ་དང་། དེའི་རྗེས་སུ་དམ་བཅའ་བཞག་སྟེ་ཙུང་ཐུང་གི་འགན་ཁུར་བ་རེད།

ཞིན་པའོ་མུའུ་ཡིས་ལས་འགན་ཁུར་བའི་གཏམ་བཤད་ནང་བསྟན་དོན། མའོ་ཞི་ཁོ་ཡིས་བཅོས་བསྒྱུར་དང་བུད་མེད་ཀྱི་དུས་རབས་བསུས་ཡོང་། སྲིད་གཞུང་གསར་བས་བཅོས་བསྒྱུར་ཐེངས་བཞི་བའི་རྒྱུན་མཐུད་དེ། རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་མུ་མཐུད་དུ་སྒེར་ཚུགས་རང་བདག་གི་འཕེལ་རྒྱས་ལམ་དུ་བགྲོད་རྒྱུ་ཡིན། མི་དམངས་དཀྱིལ་སྙིང་དུ་འཛིན་པ་དང་མང་ཚོགས་ཀྱི་བདེ་ཐང་དང་སློབ་གསོའི་ཁྱབ་ཁོངས་ཀྱི་ཁེ་ཕན་ལ་འགན་སྲུང་གང་ལེགས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་རང་བྱུང་ཐོན་ཁུངས་ཀྱི་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ནས། རུལ་སུངས་ལ་ཆམ་ཕབ་གཏོང་བ་དང་མཐོང་ཆུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅན་ཕིང་གི་ཆེད་མངག་ཕོ་ཉ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐིས་ཉིང་དང་པཱ་ཞིའི་ཙུང་ཐུང་ལུའུ་ལཱ། ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི། ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་སོགས་མའོ་ཞི་ཁོའི་ཙུང་ཐུང་གི་དབང་ཆ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོར་ཞུགས།

ཟླ6པའི་ཚེས2ཉིན། མའོ་ཞི་ཁོ་ཡིས་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ། ཞིན་པའོ་མུའུ་ནི་སྲིད་འཛིན་ཏང་རྒྱལ་ཁབ་བསྐྱར་དར་འགུལ་སྐྱོད་ཏང་གི་འགྲན་རྩོད་མནའ་འབྲེལ་གྱི་ཙུང་ཐུང་འདེམ་སྒུག་མི་སྣ་ཡིན་པའི་ཆ་ནས་བརྒྱ་ཆའི་ང་དགུ་དང་གྲངས་ཆུང་བདུན་དྲུག་གི་འདེམ་ཤོག་ཐོབ་ཚད་ཀྱིད་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་བླངས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།