མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ10བའི་ཚེས1ཉིན་བསྟན་དོན། ཁོས་ལེ་པཱ་ནུན་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལེ་པཱ་ནུ་གྱི་འཁྲུག་རྩོད་དེ་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ངེས་པར་དུ་རིན་དོད་ཅི་འདྲ་ཞིག་གཏོང་དགོས་ཀྱང་ལེ་པཱ་ནུན་དུ་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་པ་དང་། ངེས་པར་དུ་ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཚེས1ཉིན་གྱི་སྔ་དྲོར་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ལ་ཁ་པར་བཏང་། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཚང་མ་སྐུལ་སློང་བྱས་ཡོད་པ་དང་། རྒྱལ་ཁབ་དེའི་རོགས་རམ་མཁོ་བའི་མི་ཚང་མར་རོགས་བྱེད་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས1ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་ནས་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཚད་ཡོད་པའི་ས་ངོས་ཀྱི་འགུལ་སྐྱོད་སྤེལ་བ་དང་། ལེ་པཱ་ནུན་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།