དབྱི་ལིང་ཙུང་ཐུང་གིས་བློ་ཐག་རྦད་ཆོད་ཀྱིས་འཇིགས་ཉེན་གང་རུང་ལ་འགོག་རྒོལ་བྱེད་རྒྱུའི་ཚུལ་བསྟན།
2024.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཟླ10བའི་ཚེས1ཉིན་བསྟན་དོན། དབྱི་ལིང་གིས་ཉིན་དེའི་འཕུར་མདའི་འཇབ་རྒོལ་ནི་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་བློ་ཐག་རྦད་ཆོད་ཀྱིས་རྒོལ་ལན་སྤྲད་པ་ཡིན། དབྱི་ལིང་གིས་འཐབ་འཁྲུག་བྱེད་འདོད་མེད་ཀྱང་འཇིགས་ཉེན་གང་རུང་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ངེས་ཡིན་ཟེར།

ཕའེ་ཙེ་ཞེ་ཆི་དབྱང་གིས་ཉིན་དེའི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁྲིམས་མཐུན་ཁེ་དབང་ལ་གཞིགས་ན། དབྱི་ལིང་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཀྱི་ཆེད་དུ། དབྱི་ལིང་གིས་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་བློ་ཐག་རྦད་ཆོད་ཀྱིས་རྒོལ་ལན་སྤྲད་པ་ཡིན། དབྱི་ལིང་གིས་འཐབ་འཁྲུག་བྱེད་འདོད་མེད་ཀྱང་། འཇིགས་ཉེན་གང་རུང་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ངེས་ཡིན་ཟེར། ཁོས་ད་རུང་དབྱི་སི་རལ་ལ་དེ་ནི་ང་ཚོའི་སྟོབས་ཤུགས་ཀྱི་ཁག་ཆུང་ངུ་ཞིག་ཡིན་པས། དབྱི་ལིང་བར་འཁྲུག་རྩོད་བྱེད་མི་རུང་ཞེས་ཉེན་བརྡ་བཏང་།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གིས་ཚེས་གཅིག་ཉིན་གྱི་དགོང་མོར་བཤད་རྒྱུར། ཉིན་དེར་དབྱི་སི་རལ་ལ་འཇབ་རྒོལ་བྱེད་སྐབས་ཐོག་དང་པོར་ཧྥ་ཐཱ་ཧི་སྒྲ་བརྒལ་མྱུར་ཚད་ཅན་གྱི་འཕུར་མདའ་བཀོལ་བ་དང་། འཕུར་མདའི་བརྒྱ་ཆའི་དགུ་བཅུ་དམིགས་འབེན་ལ་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།