ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཞའོ་ཨིན་སཱ་ཝེ་ཐི་ཡིས་ཟླ10བའི་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་སི་རལ་ལ་རོགས་རམ་བྱས་ནས་དབྱི་ལིང་གི་འཇབ་རྒོལ་ལ་འགོག་རྒོལ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་དང་ཙུང་ཐུང་གཞོན་པ་ཧཱ་ལི་སི་གཉིས་ཀྱིས་ཕོ་བྲང་དཀར་པོའི་ནང་འཐབ་འཁྲུག་གི་གནས་ཚུལ་ལྟ་རྟོག་ཁང་དུ་དབྱི་ལིང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པའི་གནས་ཚུལ་ལ་བལྟས་པ་དང་། དུས་བཅད་ལྟར་རྒྱལ་ཁབ་བདེ་འཇགས་ཚོགས་ཁག་ནས་གནས་ཚུལ་གསར་བར་ཤེས་རྟོགས་བྱེད་བཞིན་ཡོད། པེད་ཏིན་གྱིས་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་དབྱི་སི་རལ་ལ་རོགས་འདེགས་བྱས་ཏེ་དབྱི་ལིང་གི་འཇབ་རྒོལ་ལ་འགོག་རྒོལ་བྱེད་དགོས་པ་དང་། དབྱི་སི་རལ་ལ་དམིགས་པའི་འཕུར་མདའ་ཚང་མ་སར་འཕེན་དགོས་པའི་མཛུབ་སྟོན་བྱས།
ཚེས་གཅིག་ཉིན་གྱི་སྔ་དྲོར། པེད་ཏིན་གྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཁོ་དང་ཧཱ་ལི་སི་གཉིས་ཀྱིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཚོགས་ཁག་བསྡུས་ནས་ཚོགས་འདུ་འཚོགས་པ་དང་། ཨ་མེ་རི་ཁའི་དབྱི་སི་རལ་ལ་རོགས་རམ་བྱས་ནས་དབྱི་ལིང་གི་འཇབ་རྒོལ་ལ་འགོག་རྒོལ་བྱེད་པའི་བྱེད་ཐབས་དང་། ས་ཁུལ་དེའི་ཨ་མེ་རི་ཁའི་མི་སྣར་ཇི་ལྟར་སྲུང་སྐྱོབ་བྱེད་པ་སོགས་ལ་གྲོས་བསྡུར་བྱས།
ཉིན་དེར་ཡེ་ལུའུ་སཱ་ལེམ་དུ་གནས་པའི་དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་བདེ་འཇགས་ཉེན་བརྡ་བཏང་སྟེ། ཨ་མེ་རི་ཁའི་སྲིད་གཞུང་གི་ལས་བྱེད་མི་སྣ་དང་དེའི་ཁྱིམ་མི་ཚང་མར་བརྡ་ཐོ་གཞན་པ་འབྱོར་རག་བར་དུ་ས་གནས་རང་དུ་སྦས་སྐོང་བྱེད་དགོས་པའི་རེ་བ་བཏོན།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་ནས་གཏོང་འཕེན་བྱས་པའི་འཕུར་མདས་དབྱི་སི་རལ་གྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཉིན་དེར་དབྱི་སི་རལ་ལ་དམིགས་པའི་སྐོར་ཐེངས་དང་པོའི་འཕུར་མདའི་འཇབ་རྒོལ་ལ་ལེགས་འགྲུབ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།