དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གིས་དབྱི་སི་རལ་དུ་འཕུར་མདའ180གཏོང་འཕེན་བྱས་པར་བཤད།
2024.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཟླ10བའི་ཚེས1ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་རང་གི་མངའ་ཁོངས་ནས་དབྱི་སི་རལ་ལ་གཞི་རྒྱ་ཆེ་བའི་འཕུར་མདའི་འཇབ་རྒོལ་བྱས་པ་དང་། བསྡོམས་པས་འཕུར་མདའ180གཏོང་འཕེན་བྱས་ཡོད་ཟེར།

ཧཱ་ཅཱ་ལི་ཡིས་བཤད་རྒྱུར། འཇབ་རྒོལ་དུ་བཏང་བའི་འཕུར་མདའ་མང་ཆེ་བ་དབྱི་སི་རལ་དང་ཨ་མེ་རི་ཁ་གཙོ་བྱས་པའི་འགོག་སྲུང་མནའ་འབྲེལ་གྱིས་བཀག་པ་དང་། འཕུར་མདའ་སྐོར་ཞིག་དབྱི་སི་རལ་གྱི་དབུས་ཕྱོགས་ས་ཁུལ་དུ་ཕོག་པ་དང་། རེ་འགའ་ཞིག་ད་རུང་དབྱི་སི་རལ་གྱི་ལྷོ་ཕྱོགས་སུ་དུ་ཕོག་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་ལིང་གི་འཇབ་རྒོལ་དེ་ནི་ཉེན་ཁ་ཆེ་ཞིང་ཛ་དྲག་ཆེ་བའི་བྱ་སྤྱོད་ཅིག་ཡིན་ལ། དེའི་མཇུག་འབྲས་ལ་བསམ་བློ་གཏོང་ཐབས་མེད་ཟེར། ཧཱ་ཅཱ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་འགོག་སྲུང་དང་དཔུང་འཇུག་སྟོབས་ཤུགས་དེ་ཆེས་མཐོའི་དམག་གྲབས་ཆུ་ཚད་དུ་གནས་ཡོད་པ་དང་། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་འཆར་གཞི་ལ་གྲ་སྒྲིག་གང་ལེགས་བྱས་ཡོད། སྲིད་གཞུང་གི་མཛུབ་སྟོན་ལྟར་དུ་གནས་གང་རུང་དང་དུས་ཚོད་གང་རུང་ནང་། ཐབས་གང་རུང་གིས་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བསྟན་དོན། དབྱི་ལིང་གིས་ཉིན་དེའི་འཕུར་མདའི་འཇབ་རྒོལ་ནི་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་བློ་ཐག་རྦད་ཆོད་ཀྱིས་རྒོལ་ལན་སྤྲད་པ་ཡིན། དབྱི་ལིང་གིས་འཐབ་འཁྲུག་བྱེད་འདོད་མེད་ཀྱང་འཇིགས་ཉེན་གང་རུང་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།