མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ལེ་པཱ་ནུན་དུ་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས2ཉིན་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལེ་པཱ་ནུན་གྱི་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་པར་དགོས་གལ་ཧ་ཅང་ཆེ། དེ་ལྟ་མིན་ཚེ་ཆགས་འཇིག་རང་བཞིན་གྱི་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ན་ནིང་ཟླ10བའི་ཚུན་ལ། ལེ་པཱ་ནུན་དང་དབྱི་སི་རལ་གྱི་རྒྱལ་མཚམས་ས་ཁུལ་གྱི་འཐབ་འཁྲུག་བྱེད་སའི་ཁྱབ་ཁོངས་དང་དྲག་ཚད་སྔར་ལས་ཇེ་ཆེར་སོང་ཡོད། ཁོས་གཟའ་འཁོར་གཅིག་གི་ཡར་སྔོན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ལེ་པཱ་ནུན་གྱི་གནས་བབ་སྙན་ཞུ་བྱས་པའི་ཚུན་ལ། ལེ་པཱ་ནུན་གྱི་གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་རྒྱལ་ཁབ་མ་ཡིན་པའི་དྲག་ཆས་ཚོགས་ཁག་གཞན་པ་དང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཕལ་ཆེར་ཉིན་རེ་བཞིན་འཁྲུག་རྩོད་བྱེད་བཞིན་ཡོད་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལ་འགལ་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ན་ནིང་ཟླ་བཅུ་བའི་ཚུན་ལ། ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ལེ་པཱ་ནུན་གྱི་མི་སྟོང་གཅིག་དང་བདུན་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གསུམ་དང་ཁྲི་བཞི་སྟོང་དྲུག་ལྷག་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ཙམ་རྒྱལ་མཚམས་བརྒལ་ནས་སི་རི་ཡཱའི་མངའ་ཁོངས་སུ་སོང་ཡོད། དབྱི་སི་རལ་དུ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་འཇབ་རྒོལ་ལས་མི49རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་ལྷག་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་དབྱི་ལིང་གིས་ཚེས1ཉིན་དབྱི་སི་རལ་ལ་གཞི་རྒྱ་ཆེ་བའི་འཕུར་མདའི་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། ཁོས་བཤད་རྒྱུར། འཇབ་རྒོལ་དེ་དག་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལས་དོན་ལ་རམ་འདེགས་བྱེད་པ་དང་ཁོ་ཚོའི་དཀའ་སྡུག་ཇེ་ཡང་དུ་གཏོང་བར་ཕན་ཐོགས་ཅི་ཡང་མེད་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཉེ་སྔོན་གྱི་གནས་བབ་འགྱུར་ལྡོག་ལས་ལེ་པཱ་ནུན་གྱི་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་། ཟོལ་མེད་ཀྱིས་ཕྱོགས་ཡོངས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་ལྔ་ལྔ་དགུ་དང་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་པ། ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཕྱི་འབྲེལ་གྱི་བྱ་བར་རྨང་འདིང་བའི་དུས་ལ་བབས་ཡོད་པ་ར་སྤྲོད་བྱུང་ཡོད་ཟེར།

ཁོས་ད་རུང་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་སྐུལ་འདེད་གཏོང་བ་དེ་ལྡོག་མེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།