པེད་ཏིན་གྱིས་ཨ་མེ་རི་ཁས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་མི་བྱེད་པའི་ཚུལ་བསྟན།
2024.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས2ཉིན་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་དེ་དབྱི་ལིང་གིས་དབྱི་སི་རལ་དུ་འཕུར་མདའི་འཇབ་རྒོལ་བྱེད་པར་འཁོན་ལན་སློག་པའི་ཁག་ཅིག་ཏུ་བྱེད་པར་རྒྱབ་སྐྱོར་བྱེད་མི་སྲིད་ཟེར།

པེད་ཏིན་ཉིན་དེར་ཁཱ་ལོ་ལའེ་ནཱ་ལྷོ་མ་མངའ་སྡེ་དང་ཁཱ་ལོ་ལའེ་ནཱ་བྱང་མ་མངའ་སྡེ་རུ་སོང་ནས། ཧེ་ལོན་ནེ་ཞེས་པའི་དྲག་རླུང་གི་གནོད་འཚེ་ཐེབས་རྗེས་ཀྱི་ཐག་གཅོད་བྱ་བར་མཛུབ་སྟོན་བྱས། ཁོས་འགྲོ་ཁར་སྨྱན་བྱད་ལ་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་མི་སྲིད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་འཁོན་ལན་སློག་པའི་བྱེད་ཐབས་ག་འདྲ་སྤྱོད་པའི་ཐད་ནས་དབྱི་སི་རལ་བར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་བལྟས་ན། དབྱི་སི་རལ་གྱིས་དབྱི་ལིང་གིས་དབྱི་སི་རལ་ལ་དམིགས་པའི་འཕུར་མདའི་འཇབ་རྒོལ་ལ་རྒོལ་ལན་སྤྲོད་པའི་དབང་ཆ་ཡོད་པར་འདོད་ཀྱང་། བྱེ་བྲག་གི་འགུལ་སྐྱོད་ཐད་ནས་ཚད་ངེས་ཅན་སྲུང་འཛིན་བྱེད་དགོས་པར་འདོད།

པེད་ཏིན་གྱིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེ་ཐལ་དྲགས་པས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།