དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས2ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱི་དམག་དཔོན་ཞིག་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་འཐབ་འཁྲུག་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཟེར། དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ་ཐོག་དང་པོར་དབྱི་སི་རལ་གྱི་དམག་མི་ཤི་བའི་གནས་ཚུལ་བསྒྲགས་པ་རེད།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས2ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། བཀོད་འདོམ་དཔོན་པོ་དེ་ལོ22ཡིན་པ་དང་། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སྡེ་བ་ཞིག་ནས་ཀྲིན་ཀྲུའུ་ཏང་བར་འཐབ་འཁྲུག་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་རེད།
ལེ་པཱ་ནུན་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཚེས2ཉིན་བཤད་པ་ལྟར་ན། ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་དམག་དཔུང་བར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱུང་བ་དང་། མི་བཞི་བཅུ་ལྷག་ཡོད་པའི་དབྱི་སི་རལ་གྱི་ཐོལ་བརྒལ་རུ་ཁག་ཅིག་མི་མེད་གནམ་གྲུའི་འགེབས་སྲུང་འོག་ཏུ་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་ཨ་ཏའེ་སཱ་གྲོང་རྡལ་ཆུང་བོའི་ཤར་ཕྱོགས་ཀྱི་གནས་སུ་འགྲོ་རྩིས་བྱས། ཐོལ་རྒོལ་རུ་ཁག་དེ་ནི་དབྱི་སི་རལ་བྱང་ངོས་ཀྱི་མུས་སི་ཅཱ་ཧྥུའུ་ཨ་མུའུ་ནས་རྒྱལ་མཚམས་ཀྱི་ལྕགས་ར་བརྒལ་ཏེ། ལེ་པཱ་ནུན་གྱི་མངའ་ཁོངས་སུ་སྨིད150ཙམ་ཡོང་རྗེས་ཀྲིན་ཀྲུའུ་ཏང་གི་ལཱ་ཏི་ཝན་དམག་དཔུང་གི་འཇབ་རྒོལ་ཐེབས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།