ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས2ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་ཡིས་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་སྟེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པར་མ་ཟད། ས་ཁུལ་དེར་འཐབ་འཁྲུག་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། གནོད་འཚེ་རང་བཞིན་གྱི་གནས་བབ་དེ་འདྲ་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གང་རུང་གི་ཁེ་ཕན་དང་མི་འཚམ་པས། འབྲེལ་ཡོད་ཕྱོགས་ཀྱིས་གོ་སྐབས་གང་རུང་བེད་སྤྱད་དེ་གནས་ཚུལ་དེ་རིགས་འབྱུང་བར་སྔོན་འགོག་བྱེད་པར་རེ་བཞིན་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་ས་ཁུལ་དེའི་ཉམས་ཉེན་མང་བོ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་མ་ཐུབ་པས་ཡིན་ལ། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་དྲང་བདེན་ངང་ཐག་གཅོད་བྱེད་པ་ནི་དབུས་ཤར་ས་ཁུལ་གྱི་གནས་བབ་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པའི་གནད་འགག་ཡིན་པར་འདོད་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ད་རུང་བཤད་རྒྱུར། མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བར་ཨ་མེ་རི་ཁར་འགན་ཁུར་ཆེན་པོ་ཡོད། ཨ་མེ་རི་ཁས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་པར་རེ་བ་འདོན་པ་དང་། ས་དེའི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་གྲོས་ཆོད་ཅིག་འགོད་པར་རྒྱུན་པར་བཀག་འགོག་བྱེད་བཞིན་ཡོད་པས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།