ཨེ་ཀྭ་ཏོར་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས3ཉིན་སྤྱི་སྒྲོག་སྤེལ་ཏེ། ནང་ཁུལ་གྱི་ཟིང་འཁྲུག་དང་རྒྱལ་ནང་གི་དྲག་ཆས་འཁྲུག་རྩོད་བྱུང་བའི་དབང་གིས་རྒྱལ་ས་ཅི་ཏའོ་དང་ཀྭ་ཡཱ་སི་ཞིང་ཆེན། ལོ་སི་ལི་ཨོ་སི་ཞིང་ཆེན་སོགས་ཞིང་ཆེན་དྲུག་དང་གྲོང་ཁྱེར་གཉིས་ནས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དྲག་ཆས་དམག་དཔུང་དང་རྒྱལ་ཁབ་ཀྱི་ཉེན་རྟོག་པས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། མི་དམངས་ཀྱི་བདེ་འཇགས། སྤྱི་བའི་སྒྲིག་སྲོལ་བཅས་ལ་སྲུང་སྐྱོབ་བྱེད་དུ་འཇུག་ཆེད། ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཀྭ་ཡཱ་སི་ཞིང་ཆེན་དང་ལོ་སི་ལིས་ཨོ་སི་ཞིང་ཆེན། མཱ་ནཱ་ཝེ་ཞིང་ཆེན། ཨོ་ལོས་ཡཱ་ནཱ་ཞིང་ཆེན། ཧྲིན་ཨེ་ལོན་ནཱ་ཞིང་ཆེན། ཨེ་ཨར་ཨོ་ལོ་ཞིང་ཆེན་བཅས་ཞིང་ཆེན་དྲུག་དང་། ཕིས་ཐིས་ཁྲ་ཞིང་ཆེན་གྱི་ཅི་ཏའོ་གྲོང་ཁྱེར་དང་ཨ་སུའུ་ཨེ་ཞིང་ཆེན་གྱི་ཕིན་སེ་ཨིན་ལི་ཁི་སི་གྲོང་ཁྱེར་བཅས་སུ་ཉིན་དྲུག་ཅུའི་རིང་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཐག་བཅད་པ་རེད་ཟེར།
སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། རྩ་འཛུགས་ཡོད་པའི་ནག་ཉེས་ཕྱོགས་ཁག་གི་འགུལ་སྐྱོད་ལས་བདེ་འཇགས་མིན་པ་དང་དྲག་ཤུགས་གནད་དོན་བྱུང་བས། ནོའུ་བོ་ཡཱ་ཡིས་ཨ་སུའུ་ཨེ་ཞིང་ཆེན་དང་ཀྭ་ཡཱ་སི་ཞིང་ཆེན། ལོ་སི་ལིས་ཨོ་སི་ཞིང་ཆེན། ཨོ་ལོས་ཡཱ་ནཱ་ཞིང་ཆེན་བཅས་ཞིང་ཆེན་བཞིའི་མངའ་ཁོངས་ཀྱི་ས་ཁུལ་ཉི་ཤུ་ལྷག་ནས་ད་རུང་མཚན་མགྲོན་འགོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དུས་ཚོད་ནི་དགོང་མོའི་དུས་ཚོད་བཅུ་ནས་ཕྱི་ཉིན་གྱི་དུས་ཚོད་ལྔའི་བར་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།