སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས3ཉིན་ལེགས་བསྒྱུར་བྱས་རྗེས་ཀྱི་ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་གྱི་སུའུ་པའོ་ཏིས་ཁྲ་ས་ཚིགས་སུ་རྟོག་ཞིབ་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱི་འཛུགས་སྐྲུན་མཁན་ལ་གདེང་འཇོག་ཆེན་པོ་བྱས། ཁོ་ཚོའི་བྱ་བ་དང་འབད་བརྩོན་མེད་ན། ང་ཚོས་འདི་འདྲའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཏན་ནས་ལོན་ཐབས་མེད་ཟེར།
ཉིན་དེའི་ཕྱི་དྲོར། ཝུའུ་ཆི་ཆི་ཡིས་སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་མེན་དང་། སེར་ཝེ་ཡཱའི་འཛུགས་སྐྲུན་དང་འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས་པུའུ་ཀྲང་ཝེ་ཞི་ཆི་སོགས་ཀྱི་འགྲོ་རོགས་འོག འགུལ་སྐྱོད་བྱེད་པའི་ཞིབ་བཤེར་ཚད་འཇལ་འཁོར་ལོར་བསྡད་དེ་ནོའུ་ཝེ་སཱ་ཏི་ས་ཚིགས་ནས་སུའུ་པའོ་ཏིས་ཁྲར་ས་ཚིགས་སུ་སོང་བ་དང་། ཞིབ་བཤེར་ཚད་འཇལ་རླངས་འཁོར་དེ་སྐར་མ་བཞིའི་རྗེས་སུ་མྱུར་ཚད་དེ་དུས་ཚོད་རེར་སྤྱི་ལེ200ལ་མཐོར་འདེགས་བཏང་བ་རེད།
ཝུའུ་ཆི་ཆི་ཡིས་ལས་གཞིའི་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་ནོའུ་སུའུ་དུམ་མཚམས་ཀྱི་ལམ་ཐིག་གི་ཞིབ་བཤེར་ཚད་འཇལ་གནས་ཚུལ་ལ་རརྒྱུས་ལོན་བྱས་པ་དང་། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་མཁན་གྱི་འཛུགས་སྐྲུན་མྱུར་ཚད་དང་བཟོ་སྐྲུན་གྱི་སྤུས་ཚད། དངོས་སྒྲུབ་སྙིང་སྟོབས་བཅས་ལ་གདེང་འཇོག་ཆེན་པོ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་གྱི་སེར་ཝེ་ཡཱའི་མངའ་ཁོངས་ཀྱི་དུམ་མཚམས་ཡོངས་རྫོགས་ལས་གྲུབ་རྗེས། པེ་ཨར་ཀི་ལའེ་ཏི་ནས་སུའུ་པའོ་ཏིས་ཁྲ་བར་གྱི་འགྲིམ་འགྲུལ་དུས་ཡུན་དེ་ད་ལྟའི་དུས་ཚོད་ལྔ་ནས་དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་ཡས་མས་སུ་ཇེ་ཐུང་དུ་འགྲོ་སྲིད་ཅིང་། སེར་ཝེ་ཡཱའི་རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་གཏོང་ཐུབ་པ་དང་། ས་དེའི་འགྲིམ་འགྲུལ་གནས་ཚུལ་ལེགས་བཅོས་བྱས་ནས་དམངས་ཀྱི་འགྲོ་འདུག་ལ་སྟབས་བདེ་བཟོ་ཐུབ་ངེས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།